ཨ་རིའི་གཞུང་ནས་འབར་མར་ཚོང་འབྲེལ་གྱི་སྒོ་མི་འབྱེད་འཆར།

འབར་མའི་ནང་མང་གཙོའི་བཅོས་བསྒྱུར་བཏང་བར་བརྟེན་ཨ་རིའི་གཞུང་ནས་རོགས་དངུལ་དང་ཚོང་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུ་ཡིན་ལུགས།

2012.04.05

༄༅༎འབར་མའི་ནང་མང་གཙོའི་བཅོས་བསྒྱུར་བཏང་བར་བརྟེན་ཨ་རིའི་གཞུང་ནས་རོགས་དངུལ་དང་། ཚོང་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུ་ཡིན་ལུགས་གསུངས་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་དྲན་མཆོག་ནས་གསར་འགོད་ལྷན་ཚོགས་ཐོག་གསུངས་པར་ལྟར་ན།་ འབར་མའི་ནང་མང་གཙོའི་བཅོས་བསྒྱུར་གཏོང་མཁན་དང་། མང་གཙོ་ཚོགས་པ་གཉིས་ཀའི་ངོས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཡག་པོ་ཞིག་གྲུབ་པར་ངོས་འཛིན་བྱེད་པ་དང་། སྦྲགས་ཨ་རིའི་ངོས་ནས་མཐུན་འགྱུར་རོགས་རམ་དང་། དེ་བཞིན་ཚོང་འབྲེལ། མ་རྩ་འཛུགས་རྒྱུ་སོགས་ཀྱི་ལས་དོན་རིམ་པས་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་རིང་མིན་ཡུལ་དེའི་ནང་། ཨ་རིའི་གཞུང་ཚབ་ཅིག་ཀྱང་གསར་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་འདུག ཕྱི་སྲིད་དྲུང་ཆེ་མཆོག་གི་གསུངས་པ་དེར་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་འགོ་འཁྲིད་མིཆ་མེ་ཀོ་ནེལ་མཆོག་ནས་ཀྱང་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས་ཁོང་གིས་ཀྱང་དེར་རྒྱབ་སྐྱོར་གནང་འདུག ཡིན་ནའང་ཁོང་གིས། ཉེ་བའི་ཆར་ནས་བཟུང་འབར་མའི་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་འཚམས་ཤིག་བཏང་ཡོད་རེད། ཡིན་ནའང་ད་དུང་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་དང་། བྱང་ཀོ་རི་ཡའི་མཉམ་དྲག་པོའི་ལས་དོན་ཐོག་འབྲེལ་བ་བྱེད་རྒྱུ་སོགས་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག
ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་ཕྱི་ལོ་ ༢༠༠༩ ལོར་སྲིད་འཛིན་གྱི་ལས་འཁུར་འགོ་བཙུགས་པའི་རྗེས་སུ་འབར་མའི་དྲག་པོའི་སྲིད་གཞུང་དང་མཉམ་འབྲེལ་ལམ་བསྐྱར་གསོ་གནང་བས་མ་ཟད་སྔ་ལོ་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་དྲན་མཆོག་ཁུལ་དེར་འཚམས་འདྲི་ཕེབས་པ་བཅས་གནས་ཚུལ་མང་པོ་ཞིག་ལ་བརྟེན་ནས་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ཙམ་རིང་དྲག་པོའི་སྲིད་གཞུང་འཛིན་པའི་གཞུང་དེ་བཞིན་རིམ་པས་མང་གཙོའི་ལམ་ལུགས་སུ་དངོས་སུ་འགྱུར་བ་ཐེབས་ནས་ཉིན་ཤས་གོང་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱས་པའི་སྐབས་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། དེས་རང་བཞིན་གྱི་ཡུལ་དེའི་ནང་ལོ་མང་ནས་བཀག་སྡོམ་བྱེད་པའི་ཕྱི་རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་རོགས་རམ་བཅད་པ་རྣམས་ད་ཆ་སྒོ་ཕྱེ་རྒྱུའི་རེ་བ་བྱུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎