བཙན་བྱོལ་བོད་གཞུང་ཞེས་རང་འཇགས་དགོས་པའི་གྲོས་ཆོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་རང་འཇགས་བཞག་དགོས་པའི་སྙན་ཞུ་འབུལ་རྒྱུའི་གྲོས་ཆོད།

2011.08.28

༄༅༎བོད་མིའི་རང་བཙན་དོན་གཉེར་བའི་སྒྲིག་འཛུགས་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་རང་འཇགས་བཞག་དགོས་པའི་སྙན་ཞུ་འབུལ་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

བར་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་མིང་བྱང་འགྱུར་བ་བཏང་བ་དེར་བོད་མི་མང་ཆེ་བས་སྐྱོན་བརྗོད་བྱས་ཡོད་པ་ལྟར་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཆེན་ཐེངས་༤༢པའི་ཐོག་བཙན་བྱོད་བོད་གཞུང་གི་མཚན་བྱང་རྙིང་པ་བསྐྱར་གསོ་གནང་དགོས་པའི་སྙན་ཞུ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུར་གྲོས་ཆོད་བཞག་ཡོད་འདུག ང་ཚོ་སྐྱབས་བཅོལ་བ་ཡིན་པར་བརྟེན་བཙན་བྱོལ་བོད་གཞུང་གིས་ངོ་བོའི་ཐོག་ནས་འཐབ་རྩོད་མུ་མཐུད་ནས་བྱེད་དགོས་ཀྱི་རེད། བཙན་བྱོལ་བོད་གཞུང་ཞེས་པ་དེས་ང་ཚོའི་རང་བཙན་འཐབ་རྩོད་ཀྱི་ངོ་བོ་དང་ཆིག་སྒྲིལ་མཚོན་རྟགས་ཡིན་པས་ བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་བརྗོད་གསར་པ་དེ་མགོ་རྙོག་གི་རང་བཞིན་ཡིན་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གཏམ་བཤད་གནང་ཡོད་པ་རྒྱ་གར་གྱིས་ཧིན་རྡུསེ་ཐན་དུས་བབ་ཅེས་པའི་གསར་ཤོག་གིས་འདི་ཚེས་༢༨ཉིན་གནས་ཚུལ་སྤེལ་འདུག། རྒྱག་བྱང་ཤར་གྱི་གྲོང་ཁྱེར་རྡོ་རྗེ་གླིང་དུ་རེས་གཟའ་སྤེན་པའི་ཉིན་གྲུབ་པའི་ཉིན་བཞིའི་འགན་འཛིན་ལྷན་ཚོགས་ཀྱིས་བར་ལམ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དོར་གནང་བར་བསྔགས་བརྗོད་དང་སྦྲགས་གཞོན་ལྷན་གྱིས་དབུ་མའི་ལམ་ངོས་ལེན་བྱེད་ཀྱི་མེད་པར་བརྟེན་རང་བཙན་འཐབ་རྩོད་གྱི་ལས་འགུལ་དམ་འཛིན་བྱ་རྒྱུ་དང༌། བོད་ནང་རྒྱ་ནག་གི་གདུག་རྩུབ་དྲག་གནོན་རིགས་ཐེར་བཏོན་གྱིས་གདོང་ལེན་གནང་ཕྱོགས་དང་ བོད་རང་བཙན་བསྐྱར་གསོའི་དམིགས་ཡུལ་དམ་འཛིན་གྱིས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་ལྷུག་པོ་དང་ལྷག་པར་དུ་འབྱུང་འགྱུར་ལོ་གཅིག་གི་ལས་དོན་གནང་ཕྱོགས་བཀའ་བསྡུར་གནང་ཡོད་འདུག། ཐེངས་འདིའི་འགན་འཛིན་ལྷན་ཚོགས་སུ་རྒྱལ་ཁབ་དང་ས་ཁུལ་༨༧ནང་གཞོན་ལྷན་ཚོགས་ཀྱི་ས་གནས་རྒྱུན་༣༩ནས་ཚོགས་བཅར་བ་༡༢༢མཉམ་ཞུགས་གནང་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎