བོད་མི་ཞིག་ལ་རང་སྲུང་དྲག་རྩལ་མཐར་སོན་གྱི་ཕྱག་འཁྱེར་ཐོབ་པ།

ཚེ་རིང་རྡོ་རྗེ་ལགས་ལ་ཉི་ཧོང་ནང་རང་སྲུང་དྲག་རྩལ་ལྟེ་གནས་ཁང་ནས་གོ་རྡན་ཞེས་པའི་རྩལ་སྦྱོང་མཐར་སོན་གྱི་ཕྱག་འཁྱེར་ཐོབ་འདུག

2010.01.23

༄༅༎རྒྱ་གར་འབྲས་ལྗོངས་སྒང་ཏོག་ནས་ཡིན་པའི་བོད་རིགས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཉི་ཧོང་ནང་རང་སྲུང་དྲག་རྩལ་གྱི་འགྲན་བསྡུར་དང་རྒྱུགས་སྤྲོད་མང་པོ་ཞིག་གནང་བའི་མཐར། རྒྱལ་ས་ཀྲོཀ་ཡོའི་ནང་ཡོད་པའི་རྒྱལ་སྤྱིའི་ཀ་ར་ཀྲེ་རྡོ་གོ་ཇུ་ཀའེ་ལྟེ་གནས་ཁང་ནས་གོ་རྡན་ཞེས་པའི་རྩལ་སྦྱོང་མཐར་སོན་གྱི་ཕྱག་འཁྱེར་ཐོབ་གནང་འདུག། གོ་རྡན་ཞེས་པའི་ཕྱག་འཁྱེར་དེ་ནི་རང་སྲུང་དྲག་རྩལ་ཀ་ར་ཀྲེ་ནང་རིག་གཅིག་རྐང་འཛིན་ཐོན་པའི་ལག་འཁྱེར་མཐོ་ཤོས་དེ་ཡིན་པ་རེད།

རང་སྲུང་དྲག་རྩལ་ལ་དགའ་མོས་ཧ་ཅང་ཆེན་པོ་གནང་མཁན་ཚེ་རིང་རྡོ་རྗེ་ལགས་དེ་སྔོན་༡༩༩༢ལོར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མ་རྡ་ར་སེ་ནང་གི་རྒྱ་གར་རྒྱལ་ཡོངས་སྦུ་ཌོ་ཀའེ་དྲག་རྩལ་ལྟེ་གནས་ཁང་ནས་དྲག་རྩལ་ནང་སྐེད་རགས་ནག་པོ་ཐེངས་དང་པོ་དེ་ཐོབ་གནང་ཡོད་པ་དང༌། དེ་ནས་རིམ་བཞིན་༡༩༩༣དང་༩༤། ༡༩༩༥་བཅས་ལོ་གསུམ་བཏུད་མར་རྒྱ་གར་རྒྱལ་ཡོངས་ཀ་ར་ཀྲེ་དྲག་རྩལ་འགྲན་བསྡུར་ནང་ཨང་དང་པོ་གསེར་གྱི་རྟགས་མ་ཐེངས་གསུམ་བསྟུད་མར་ཐོབ་གནང་ཡོད་པ་རེད།

ཚེ་རིང་རྡོ་རྗེ་ལགས་བཙན་བྱོལ་བོད་གཞུང་གི་བདེ་སྲུང་ལས་ཁུངས་ནང་ཕྱག་ལས་གནང་གི་ཡོད་པ་དང༌། ཁོང་གིས་བོད་པའི་སློབ་ཕྲུག་མང་པོར་ཀ་ར་ཀྲེ་དྲག་རྩལ་སློབ་འཁྲིད་གནང་གི་ཡོད་པ་རེད། ༢༠༠༡ལོར་ཁོང་ལ་ཀྲོག་ཡོ་ནང་ཀ་ར་ཀྲེ་སྦྱོང་བརྡར་ཆེད་སློབ་ཡོན་ཐོབ་གནང་ནས་ལོ་གཅིག་དང་ཕྱེད་ཀའི་རིང་སྦྱོང་བརྡར་གནང་རྗེས་རྒྱ་གར་ལ་ཕྱིར་ལོག་གནང་བ་དང༌། དེ་ནས་ཡང་༢༠༠༣ལོར་ཁོང་ལ་ཀྲེ་ཀི་རྒྱལ་སྤྱིའི་བདེ་འཇགས་ཀྱི་སློབ་ཡོན་བསྐྱར་དུ་ཐོབ་ནས་བདེ་སྲུང་ལས་ཁང་གིས་ཁོང་ཀྲོཀ་ཡོར་ལོ་གཉིས་རིང་སྦྱོང་བརྡར་ཆེད་བཏང་གནང་ཡོད་པ་དང༌། ཁོང་ལ་ཀ་ར་ཀྲེ་ནང་ཡོན་རྡན་དང་ཤོ་རྡན་གྱི་ཕྱག་འཁྱེར་ཐོབ་གནང་ཡོད་པ་རེད།

དེ་ནས་སྔ་ལོ་༢༠༠༩ལོར་ཀ་ར་ཀྲེ་རྡོ་གོ་ཇུ་ཀའེ་ལྟེ་གནས་ཁང་གི་ཚོགས་གཙོས་ཁོང་ལ་བསྐྱར་དུ་ཟླ་བ་དྲུག་རིང་དྲག་རྩལ་སྦྱོང་བརྡར་གནང་ཕྱིར་གདན་ཞུ་གནང་ཡོད་པ་དང༌། ཉེ་དུས་ཟླ་བ་འདིའི་ཚེས་༢༠ཉིན་ཚེ་རིང་རྡོ་རྗེ་ལགས་ཀྱིས་འགྲན་བསྡུར་ཁག་ཚང་མའི་ནང་རྩེར་སོན་གྱིས་ དྲག་རྩལ་ནང་རིག་གཅིག་རྐང་འཛིན་མཐར་སོན་གྱི་ཕྱག་འཁྱེར་དེ་ཐོབ་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎