རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥དུས་ཚོད་ནང་གི་བོད་དང་བོད་མིའི་གནས་སྟངས། ཅང་ཙེ་མིན་གྱིདུས་སྐབས།
༡༩༤༩ལོའི་ཟླ་༡༠ཚེས་༡ཉིན་རྒྱ་ནག་དམར་ཤོག་གཞུང་འདི་གསར་འཛུགས་བྱས་པའི་རྗེས་སུ་དབང་གྲགས་ཆེ་བའི་དཔོན་རིགས་ཁག་ཅིག་ཐོན་ཡོད་པའི་ནང་ནས་ཅང་ཙེ་མིན་ནི་དམར་ཤོག་གཞུང་འདིའི་ནང་ཆེས་དབང་ཤུགས་ཆེ་བའི་མི་རབས་གསུམ་པའི་དཔོན་རིགས་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཡང་ཅང་ཙེ་མིན་གྱིས་དབང་བསྒྱུར་འགོ་ཁྲིད་བྱས་པའི་བརྒྱུད་རིམ་འདིའི་ནང་བོད་ལ་འཛིན་པའི་སྲིད་ཇུས་དང་བོད་དང་བོད་མིའི་གནས་སྟངས་ལ་འགྱུར་བ་གང་འདྲ་ཞིག་ཕྱིན་ཡོད་པ་རེད་དམ་ཞུས་ན། ཅང་ཙེ་མིན་གྱི་སྐབས་སུ་བོད་ནང་སྲིད་དོན་བཙོན་པ་མང་ཤོས་དང་ཆོས་ལུགས་ཐོག་དམ་བསྒྲགས། བོད་མི་རྒྱ་མིར་བསྒྱུར་རྒྱུའི་གོམ་སྟབས་མགྱོགས་རུ་བཏང་བ། དཔལ་འབྱོར་ཡར་རྒྱས་ཀྱི་མིང་ཐོག་ནས་བོད་ནས་གཏེར་ཁ་བསྔོག་འདོན་ཐོག་ནས་ཁུར་ཡུག་ལ་གཏོར་བཤིག་སོགས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད། བོད་ཀྱི་དགོན་སྡེ་ཁག་ནང་ལས་ཁུངས་ཁག་གི་ལས་བྱེད་འདེམས་སྒྲུག་བྱས་ཏེ་ལས་དོན་རུ་ཁག་ཟེར་བ་མངགས་གཏོང་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཟེར་བའི་སློབ་གསོ་འགོ་བཙུགས་བྱས་ཡོད་སྐོར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པར།
བོད་ཀྱི་ནང་ཆོས་དེ་རྩ་མེད་བཟོ་རྒྱུ་དང་བཀག་རྒྱུའི་དམིགས་ཡུལ་ཐོག་ནས་མངོན་གསལ་དོད་པོས་སྐྱོད་ཀྱི་ཡོད་མ་རེད། ད་དུང་བོད་པའི་བླ་མ་ཚོ་ལ་རྒྱལ་གཅེས་རིང་ལུགས་སྤེལ། ཁོང་ཚོ་སེམས་པ་འགུག་རྒྱུ་ཡོད་པ། བོད་པའི་བླ་མ་མཐོ་བ་ཚོ་ལ་གོ་གནས་དང་ཐོབ་ཐང་ཡག་པོ་སྤྲོད་པ་དང་། བླ་མ་དེ་ཚོ་བེད་སྤྱོད་བཏང་ནས་བོད་པའི་སྤྱི་ཚོགས་ནང་ལ་ཤུགས་རྐྱེན་བཟོ་ཐུབ་པ་དང་། དེ་འདྲའི་རེ་བ་མང་པོ་རྒྱབ་པ། དེ་བཞིན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་སྤྱོད་བྱེད་ཕྱོགས་ཐད་བྱ་བྲལ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གི་ཁ་ལ་མ་ཉན་པར་རྒྱ་ནག་གི་དཔོན་པོ་ཞིག་གིས་ང་ཚོས་ཁྱེད་ཚོར་དབང་ཆ་དང་གོ་གནས། ཐོབ་ཐང་། གླ་ཆ་སོགས་ཡག་པོ་སྤྲད་ཡོད་ལ། ཁང་པ་དང་མོ་ཌ་སོགས་གང་གི་ཐོག་དགོས་མཁོ་ཡོད་པ་ཆ་ཚང་སྤྲད་ཡོད་ན་ཡང་ཁྱེད་ཚོ་ངོ་ཚ་རྒྱུ་མེད་པར་ཏཱ་ལའི་བླ་མའི་རྗེས་སུ་ཕྱིན་ནས་ང་ཚོ་དབུས་གཞུང་དང་དམར་ཤོག་ཚོགས་པའི་ཁ་ལ་མ་ཉན་པ་རེད་ཅེས་བརྗོད་པ་དང་། དེ་བཞིན་ཁོང་ཚོས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་གཅེས་རིང་ལུགས་ཟེར་བ་འདི་ཅང་ཙེ་མིན་གྱི་སྐབས་ལ་ཤུགས་ཆེ་ཤོས་འདི་མ་རེད། ཧུའུ་ཇིང་ཐའོ་ཡི་སྐབས་སུ་ཤུགས་ཆེ་རུ་ཕྱིན་ཡོད།
ཅང་ཙེ་མིན་གྱི་དུས་སྐབས་སུ་བོད་ཀྱི་ནང་པ་སངས་རྒྱས་ཀྱི་བསྟན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་གཞུང་འདིས་ཐད་ཀར་ཐེ་ཇུས་བྱས་པའི་གནས་སྟངས་ཚབས་ཆེ་ཤོས་འདི་ཆགས་ཤིང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ཡང་སྲིད་ངོས་འཛིན་ཞུས་པའི་བརྒྱུད་རིམ་ནང་དཀའ་ངལ་ཆེན་པོ་འཕྲད་དེ་མཐར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཕྱོགས་བཞིན་ངོས་འཛིན་གནང་བར་བརྩི་འཇོག་མེད་པའི་ཐོག་ཡང་སྲིད་རིན་པོ་ཆེ་ད་ལྟ་བར་ག་སོང་ཆ་མེད་དུ་སོང་ཡོད་ལ། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བསྐོ་བཞག་བྱས་ཡོད།
ཡང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས་སྐབས་དེ་དུས་ཀྱི་ཆོས་ཕྱོགས་སྲིད་ཇུས་ཐོག་ནས་གསུངས་པར།
ཅང་ཙེ་མིན་གྱི་དུས་ཚོད་དེ་༡༩༨༩ལོ་ནས་༢༠༠༢ལོ་བར་རྩིས་པ་དང་། རྒྱ་ནག་སོ་སོའི་ཉམས་ཞིབ་པས་བརྗོད་པར་གཞིགས་ན། ཡི་ཤུའི་ཆོས་ལུགས་ལ་དགའ་པོ་བྱས་པ་དང་། ནང་པ་འདི་ཚོ་ལ་དགའ་པོ་མེད་པའི་རྣམ་འགྱུར་སྟོན་པ་འདི་འདྲ་བཤད་ཀྱི་འདུག ཁོ་རང་དཔོན་གནས་ཐོག་སླེབས་པ་དང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་མཐུན་དགོས་ཟེར་བ་དང་། ལྷག་པར་དུ་རྒྱ་ནག་ཁྱོན་ཡོངས་ལ་༡༩༨༩ལོའི་དྲུག་བཞིའི་དོན་རྐྱེན་བྱུང་ཡོད། རིག་གནས་གསར་བརྗེ་རྗེས་ཀྱི་སྲིད་ཇུས་གུ་ཡངས་འདི་ནས་བསྐྱར་ལོག་རྒྱབ་པའི་དུས་ཚོད་ནང་བཞིན་ཕར་ཕྱིན་ཙང་།
ལྷག་པར་དུ་༡༩༨༩ ལོའི་ཕྱི་ཟླ་དང་པོའི་ནང་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་དང་། རྗེས་ལ་ ༡༩༩༥ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐད་ལ་རྩོད་གཞི་ཆེན་པོ་བྱུང་བ་རེད། ༧གོང་ས་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་འགྱུར་པ་དང་རྒྱལ་མཚན་ནོར་བུ་གསེར་འབུམ་དཀྲུག་ནས་རྫུན་མ་བཟོས་པ་རེད། ཡང་༡༩༩༦ལོ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ཡོད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་༡༩༨༩ལོ་དང་༡༩༨༧ལོའི་ནང་ལྷ་སར་རྒྱ་ནག་ལ་ངོ་རྒོལ་དང་ཁྲོམ་སྐོར་མང་པོ་བྱུང་པ་རེད། རྒྱ་ནག་གི་ཉམས་ཞིབ་པ་དེ་ཚོའི་དཔྱད་རྩོམ་ནང་ལ་ཡང་མང་པོ་མཐོང་རྒྱུ་ཡོད་པ་སྟེ། བོད་འདི་བརྟན་ལྷིང་མེད་པ་དེ་གྲྭ་བཙུན་ཚོས་བཟོ་བཞིན་ཡོད་པ་དང་། ཟིང་ཆ་སློང་མཁན་དང་བདེ་པོ་མེད་པ་བཟོ་མཁན་གྲྭ་བཙུན་ཡིན་པར་ངོས་འཛིན་བྱས་ཏེ་དེ་ནས་བཟུང་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་པ་དང་། གྲྭ་བཙུན་གྱི་འགྲོ་འོང་ཐོག་དམ་བསྒྲགས་བྱས་པ་སོགས་འདི་ལྟར་རིམ་པ་བྱས་ནས་ཕྱིན་ཡོད། ལྷག་པར་དུ་རྒྱལ་གཅེས་ཆོས་གཅེས་འདི་དམར་ཤོག་གུང་བྲན་ཚོགས་པ་བོད་ལ་སླེབས་པའི་རྗེས་ཀྱི་མའོ་ཙེ་ཏུང་སྐབས་ཕུད་པའི་ཞི་ཅིན་ཕིང་གིས་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུ་དང་རྒྱལ་གཅེས་ཆོས་གཅེས་དེ་སྲིད་ཇུས་མངོན་གསལ་དོད་ཤོས་རེད་བསམ་གྱི་འདུག གཞན་མངོན་གསལ་དོད་པོ་མེད། དེ་འདྲ་ཡིན་དུས་དགོན་པའི་ནང་ལ་རྒྱལ་དར་བཙུགས་པ་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་པ། ཡང་བསྐྱར་ཆོས་ལུགས་ལ་དམ་བསྒྲགས་བྱས་ན་འགྲིག་གི་མེད་ལ། རྒྱལ་སྤྱིའི་ནང་ནས་ངོ་རྒོལ་བྱ་རྒྱུ་དང་ཁོ་རང་ཚོར་མཐོང་ཚུལ་ཡང་ཡག་པོ་ཡོང་རྒྱུ་མིན་པ་རེད། ང་ཚོའི་ཐུག་ས་དེ་རྩ་བའི་བླ་མ་༧རྒྱལ་བ་རིན་པོ་ཆེ་ཡིན་པས། བྱས་ཙང་ཁོ་རང་ཚོས་༧གོང་ས་མཆོག་ལ་མཚན་སྨད་དང་དམ་བསྒྲགས་བྱས་པའི་མིང་ཐོག་ནས་བོད་ནང་ཆོས་དད་ལ་དམ་བསྒྲགས་འདི་ལྟར་ཤུགས་ཆེན་པོ་ཆགས་ཡོད་ལ། དམིགས་ས་དེ་འདི་འདྲ་ཞིག་ལ་ཐུག་གི་འདུག
ཅང་ཙེ་མིན་གྱི་དུས་སྐབས་སུ་བོད་ནང་སྲིད་ཇུས་གཞན་ཞིག་ནི་རྒྱ་མི་རིགས་ཀྱི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུ་གལ་ཆེར་རྩིས་ཡོད་པ་དང་། སློབ་གསོའི་ཐོག་ནས་ཀྱང་དམིགས་ཀར་གྱི་སློབ་གསོ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ལ་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་པར།
ལོ་རབས་དགུ་བཅུའི་ནང་ལ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་འདི་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ཤིག་ཟེར་ན་ཡང་འདྲ། ཡང་ན་རྒྱ་ནག་གི་མཁས་པའི་ནང་ནས་འདི་འདྲའི་ལྟ་གྲུབ་ཅིག་འདོན་རྒྱུ་འགོ་བཙུགས་ཡོད། དཔེར་ན། ༡༩༩༤ལོའི་སྔོན་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གི་རིག་གནས་འདི་སྣ་མང་གཅིག་ཏུ་བསྡུས་པའི་རང་བཞིན་ཟེར་ནས་འདི་འདྲའི་གཞུང་ལུགས་ལྟ་བུ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། དེའི་སྐབས་སུ་ང་ཚོ་སློབ་གྲྭ་ཆེན་མོ་ལ་ཡོད། ང་ཚོར་སློབ་ཚན་ཁྲིད་མཁན་གྱི་རྒན་ལགས་སུ་ང་ཚོས་དྲིས་པར། སྣ་མང་ཟེར་ན་ཤེས་ཀྱི་འདུག དེའི་ནང་རྒྱ་མི་དང་བོད་པ། དེ་མིན་གྲངས་ཉུང་མི་རིགས་འདི་ཚོ་མང་པོ་སྣ་ཚོགས་པ་འདི་རེད། དེ་ནས་གཅིག་ཏུ་འགྱུར་བ་ཟེར་བའི་གཅིག་འདི་གང་ཡིན་སྐོར་དྲིས་དུས། རྒན་ལགས་བགད་མོ་ཤོར་ནས་ང་ཚོར་ལན་རྒྱབ་ཀྱི་མི་འདུག སྐབས་འདི་ནས་བོད་དང་མི་རིགས་གཞན་གྱི་རིག་གཞུང་རྩ་མེད་བཟོས་ནས་མཐའ་མཇུག་རྒྱ་མི་རིགས་ཀྱི་རིག་གཞུང་ལ་འགྲོ་དགོས་པའི་ལམ་དང་སྲིད་ཇུས་འདི་ཁོང་ཚོས་རིག་པའི་གཞུང་ལུགས་ཐོག་ནས་སྒྲུབ་པ་འདི་འདྲ་བྱེད་ཀྱི་འདུག ད་ལྟ་མངོན་སུམ་དུ་ལག་བསྟར་བྱེད་ཀྱི་ཡོད་པ་འདྲ་པོའི་བཟོ་ལྟ་མཐོང་གི་འདུག ཡིན་ན་ཡང་ཁོང་ཚོས་འདི་འདྲའི་གསལ་ལ་མ་གསལ་གྱི་སྣ་ཚོགས་ཟེར་དུས་ཁྱོད་རང་ཡོད་པ་དང་གཅིག་ཏུ་བསྡུས་པ་ཟེར་དུས་ཁྱོད་རང་མེད་པ་བཟོས་ཏེ་འདིའི་སྒང་ནས་རྒྱལ་སྤྱིའི་དྲིལ་བསྒྲགས་ཀྱི་ནང་ང་ཚོའི་རིག་གཞུང་རིམ་པས་བསྐྱར་གསོ་བྱས་ནས་ཡོང་གི་ཡོད་པའི་རྣམ་པ་འདི་མཐོང་དུས། འདི་སྲིད་ཇུས་ཐོག་ནས་གང་འདྲ་རྩ་མེད་བཟོ་དགོས་ཀྱི་ཡོད་པ་དང་འདི་མར་གནོན་དགོས་ཀྱི་ཡོད་པའི་ཐོག་ནས་བསམ་བློ་བཏང་གི་ཡོད་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དེ་གསལ་པོ་རེད་འདུག
ཡང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པར།
ཅང་ཙེ་མིན་སྐབས་སུ་གཙོ་ཆེ་ཤོས་ག་རེ་བྱུང་ཡོད་ཟེར་ན། བོད་མི་རིགས་དེས་སོ་སོའི་མི་རིགས་ཀྱི་ལྟ་གྲུབ་འཁྱེར་ནས་རང་བཙན་རྩོད་པ་སོགས་བྱས་ཏེ་རྒྱ་ནག་ལ་ཞེན་ཁོག་མེད་པ་སོགས་ཡོང་བཞིན་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མི་ཚོས་རྒྱ་ནག་གི་རིག་གཞུང་ལ་མགོ་མ་ཚོད་པ་དང་ལྷག་པར་དུ་སོ་སོའི་ནང་དང་ཕ་མ་སྤུན་མཆེད་དང་མཉམ་དུ་བསྡད་པ་ཡིན་ན། སོ་སོའི་རིག་གཞུང་རང་བཞིན་གྱི་ཤེས་ཏེ་ཁོང་ཚོ་རྒྱ་ནག་གི་རིག་གཞུང་དང་རྒྱ་ནག་གི་ཕུལ་དུ་བྱུང་བ་དང་རླབས་ཆེན་གྱི་རིག་གཞུང་ལ་སེམས་པ་ཤོར་མ་ཐུབ་པ་འདི་འདྲ་ཆགས་ཀྱི་འདུག་ཟེར་བ་དང་། ཅང་ཙེ་མིན་གྱི་སྐབས་སུ་སྔོན་མ་དང་མི་འདྲ་བ་ག་རེ་རེད་ཟེར་ན། སྔོན་མ་སློབ་གྲྭ་བཙུགས་པའི་དམིགས་ཡུལ་འདི་སློབ་སྦྱོང་སྤྲོད་རྒྱུ་རང་གི་ཆེད་དུ་རེད། བོད་ནས་རྒྱ་ནག་ལ་ཁྲིད་དེ་སློབ་སྦྱོང་བྱས། དགུན་དུས་གུང་སེང་སྐབས་སུ་བོད་ལ་ཡར་ལོག་དེ་ནས་ཡང་མར་འགྲོ། ཅང་ཙེ་མིན་གྱི་སྐབས་སུ་སློབ་གྲྭ་ཟུར་དུ་བཙུགས་པའི་དམིགས་ཡུལ་གཙོ་ཆེ་ཤོས་ནི། རྒྱ་ནག་གི་རིག་གཞུང་ལ་ཡིད་ཆེད་ཡོད་མཁན་དང་རྒྱ་ནག་གི་རིག་གཞུང་ལ་སེམས་གཏིང་ནས་ཡིད་སྨོན་ཐུབ་མཁན་གྱི་བོད་པའི་སྤྱི་ཚོགས་ནང་ནས་ཕུལ་བྱུང་མི་སྣ་དང་། ཡང་ན་ཡག་ཤོས་དེ་ཚོ་རྒྱ་ནག་གི་རིག་གཞུང་ལ་ཧ་ལས་པས་མགོ་ཚོད་ཐུབ་པ་དང་། མགོ་ཚོད་པ་ཡིན་ན་རྒྱ་ནག་གི་རིག་གཞུང་ལ་སྨོན་པ་སོགས་འདི་འདྲ་གསོ་སྐྱོང་བྱས་ནས་འདི་ཚོ་བོད་པའི་སྤྱི་ཚོགས་ཀྱི་རྩེ་གྲས་ལ་སླེབས་ཐུབ་པ་དང་ལས་བྱེད་བཟོས་པ། དཔོན་པོ་བཟོས་ནས་བོད་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཐུབ་མཁན་དང་། ལྷག་པར་དུ་དམིགས་བསལ་གཅིག་ག་རེ་ཡོད་རེད་ཟེར་ན། ཁོང་ཚོ་ནི་བོད་པའི་ཕ་མ་དང་ཆོས་དང་རིག་གཞུང་། བོད་པ་དང་དབྱེ་འབྱེད་བྱེད་ནས་བཀག་སྟེ་འབྲེལ་བ་མ་བྱུང་བ་སོགས་ཡིན།
༡༩༨༩ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འདི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ཡོད་ལ། བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་སྒྲ་འདི་ཡང་མུ་མཐུད་ཐོན་བཞིན་པའི་སྐབས་དེར་རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་དོན་ལ་དོ་སྣང་ཆེ་བའི་དུས་ཚོད་ཅིག་ཀྱང་ཆགས་ཡོད་པས། བོད་ནང་སྲིད་ཇུས་འཛིན་སྟངས་ཐད་སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་གསུངས་པར།
སོ་སོའི་འདས་པས་ལོ་རྒྱུས་དེ་ལ་བསམ་བློ་གཏོང་རྒྱུ་དང་སོ་སོའི་རྒྱལ་ཁབ་གང་འདྲ་ཤོར་བ་དེ་ལ་བསམ་བློ་གཏོང་དགོས་པའོ་དུས་ཚོད་ཅིག་ཆགས་ཡོད། དེ་ནས་དུས་སྐབས་འདིའི་ནང་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། འདིའི་རྒྱུ་རྐྱེན་གཙོ་བོ་འདི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞི་བའི་གཟེངས་རྟགས་འབུལ་བ་དང་༧རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ། དེ་བཞིན་ཞི་བདེའི་སྐོར་ལ་བཀའ་སློབ་མང་པོ་གནང་ཡོད་དུས། རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེན་པོ་ཆགས་ཏེ་མཛད་འཕྲིན་རྒྱས་པོ་བྱུང་པའི་གནས་སྟངས་འདི་འདྲའི་འོག་བོད་ཕྱི་ནང་གཉིས་སུ་འདི་འདྲའི་ཁོར་ཡུག་དང་གནས་སྟངས་ཤིག་ཆགས་དུས།
བོད་པའི་མི་རབས་གཞོན་པ་ཚོས་ང་ཚོའི་འདས་ཟིན་པས་ལོ་རྒྱུས་དང་དཀའ་ངལ་འཕྲད་སྐོར། ང་ཚོའི་རྒྱལ་ཁབ་ཤོར་བའི་གནས་སྟངས་འདི་ཤེས་པ་དང་། འདི་འདྲའི་གོ་སྐབས་ལ་བརྟེན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་བོད་ལ་༡༩༥༩ལོའི་རྗེས་སུ་ཆབ་སྲིད་བཙོན་པ་མང་པོ་འདི་འདྲའི་གནས་སྟངས་ཤིག་ཆགས་ཡོད།
ཡང་ཟླ་བ་ཚེ་རིང་ལགས་ཀྱིས་འདི་ལྟར་ངོས་འཛིན་གནང་གི་འདུག
ཅང་ཙེ་མིན་སྐབས་སུ་སྲིད་ཇུས་འཛིན་སྟངས་ནི། ཅང་ཙེ་མིན་གྱིས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་འཛམ་གླིང་ལ་སྒོ་མོ་ཕྱེ་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་(WTO)ནང་འཛུལ་བ་དང་། དཔལ་འབྱོར་ཡར་རྒྱས་དང་ཕྱི་ཚོང་ནང་འདྲེན་བྱེད་པ་སོགས་འདི་ཚོའི་ཐོག་ལ་གལ་ཆེ་ཤོས་རྩིས་ཀྱི་ཡོད། འདི་ཚོའི་ཐོག་ལ་གལ་ཆེ་ཤོས་རྩིས་ཡོང་དུས། རྒྱལ་སྤྱིའི་གྲོས་ཚོགས་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་གང་ལྟར་རྒྱལ་སྤྱིའི་བསམ་ཚུལ་དང་། རྒྱལ་སྤྱིའི་གསར་ལམ་ཁག་ལ་གནས་ཚུལ་བཀོད་རྒྱུ་འདི་ཚོའི་ཐོག་གལ་ཧ་ཅང་ཆེན་པོ་རྩིས་ཡོད། རྒྱལ་སྤྱིའི་ནང་ཁོང་ཚོའི་གཞུང་དེ་གུ་ཡངས་པོ་ཡིན་པ། མི་དམངས་ལ་ཕན་གྱི་ཡོད་པ། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་ཀྱི་ཡོད་པ་སོགས་འདི་འདྲ་ཡིན་དུས་བཟོ་གྲ་བཙུགས་ཆོག་པ་དང་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་མ་རྩ་བཙུགས་ཆོག་གི་རེད། ཁོང་ཚོས་གཙོ་ཆེ་བ་འདིའི་ཐོག་ཤུགས་རྒྱབ་ཡོད། ཅང་ཙེ་མིན་སྐབས་སུ་བོད་པའི་ཆོས་ལ་མངོན་གསལ་དོད་པོས་དྲག་གནོན་བྱེད་མ་ཐུབ་པ་དང་། དེ་བཞིན་ཆབ་སྲིད་བཙོན་པ་དང་སྲིད་དོན་པས་རྒྱལའ་སྤྱིའི་ཐོག་སྐད་བརྒྱབ་པ་སོགས་མང་པོ་བྱུང་ཡོད་རུང་། ཅང་ཙེ་མིན་སྐབས་སུ་བོད་མིའི་ཐོག་གང་ཙམ་གུ་ཡངས་ཀྱི་གནས་སྟངས་བྱུང་ཡོད།
ཡང་ཅང་ཙེ་མིན་གྱི་སྐབས་སུ་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་འདི་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་སངས་རྒྱས་སྐྱབས་ལགས་ཀྱིས་འདི་ལྟར་གསུངས་བྱུང་།
ཅང་ཙེ་མིན་སྐབས་ལ་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་འདི་ལག་བསྟར་དང་། སྔོན་མ་མའོ་ཡི་སྐབས་སུ་མི་འབོར་གྱི་གྲངས་ཀའི་ལམ་ནས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཤིག་རེད། ཏེང་གི་སྐབས་སུ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེར་འགྱུར་བ་མེད་པ་ཡིན་ན་ཡང་ཁོ་རང་གིས་ལས་ཀ་གཙོ་བོ་དེ་དཔལ་འབྱོར་གྱི་སྒང་ལ་འགྲོ་དུས་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་དེ་ཧ་ཅང་མངོན་གསལ་དོད་པོ་མ་ཡིན་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ནས་ཅང་གིས་སྐབས་སུ་མི་འབོར་གྱི་སྲིད་ཇུས་དེ་མུ་མཐུད་ལག་བསྟར་བྱས་པ་དང་། མི་འབོར་གནས་སྤོ་བྱས་པ་དང་མཉམ་དུ་རིག་གཞུང་དེ་གཞུང་འབྲེལ་སྒོ་ནས་རིག་གཞུང་དེ་འགྲོ་ས་མེད་པའི་ལམ་ཞིག་བཟོས་ཡོད། འདིའི་རིག་པའི་གཞུང་ལུགས་དང་སྲིད་ཇུས་དེ་ཤུགས་ཆེན་པོ་གྲགས་ནས་འདི་དང་མཉམ་དུ་སྔོན་མ་ཏེང་གི་སྐབས་སུ་སློབ་གསོ་ཡར་རྒྱས་གཏོང་གི་ཡོད་ཟེར་བ་དེ་ཁ་གཡར་བྱས་ནས་རྒྱ་ཡི་སྐད་ཡིག་སྦྱོང་མཁན་དང་བོད་ཡིག་མ་སྦྱངས་པ་ཡིན་རུང་སློབ་མ་བསྡུ་བའི་གྲངས་འབོར་མང་རུ་བཏང་བ། མི་རིགས་གཞན་བསྒྱུར་བྱེད་པའི་སྲིད་ཇུས་དེ་མངོན་གསལ་དོད་པོ་བྱེད་མ་ཐུབ་ན་ཡང་སྔོན་མ་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་གསལ་པོ་རེད།
གཞན་ཡང་དཔལ་འབྱོར་ཡར་རྒྱས་ཀྱི་མིང་ཐོག་ནས་བོད་སྐྱོར་ལས་གྲ་ཟེར་བ་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་གནས་ཁག་དང་རྒྱ་ནག་གི་ས་གནས་ཕན་ཚུལ་འབྲེལ་བ་བཙུགས་ཡོད་ཅིང་། དཔོན་རིགས་ཀྱིས་ལྐོག་ཟ་བྱེད་མཁན་མང་རུ་ཕྱིན་པ། གང་བྱུང་གིས་གཏེར་ཁ་བསྔོག་འདོན་བྱས་ཏེ་ཡང་བསྐྱར་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཆགས་ཡོད་འདུག འབྲེལ་ཡོད་ཀྱི་སྐོར་ལ་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པར།
ཅང་ཙེ་མིན་སྐབས་སུ་དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་དང་(GDP) ཟེར་བ་རྒྱལ་དམངས་དཔལ་འབྱོར་གྱི་ཚད་ཟེར་བ་ཞིག་ཡོད་པ་དེ་མཐོ་པོ་ཡོང་ཆེད་ས་གནས་ཚོ་ལ་དབང་ཆ་ཆ་ཚང་སྤྲད་པ་དང་། ས་གནས་ཁག་ལ་དབང་ཆ་ཆ་ཚང་སྤྲད་པའི་དབང་གིས་ས་གནས་དཔོན་རིགས་ནས་སྐབས་རེ་མི་དམངས་ཀྱི་ས་ཆ་འཕྲོག་སྟེ་ས་ཆ་མར་བཙོང་ནས་ཁང་པ་བརྒྱབ་པ་དང་། དེ་བཞིན་གཏེར་ཁ་བསྔོག་པ་དང་རི་ལ་གསར་སྤེལ་བྱས་པ་སོགས་ག་རེ་བྱས་ན་ཡང་དངུལ་བཟོ་ཐུབ་པའི་ཆེད་རེད་ལ། རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་ཚད་དེ་ཡར་སྤར་ཐུབ་ན་གོ་གནས་སྤར་བ་དང་རྔན་པ་ཐོབ་རྒྱུ་འདི་ཚོ་ཚང་མ་ཡོང་གི་ཡོད། འདི་འཕེལ་མ་ཐུབ་ན་ཉེས་ཅན་འདྲ་པོ་རྩིས་ཀྱི་ཡོད། གཏེར་ཁ་བསྔོག་འདོན་དང་གསེར་བསྔོག་འདོན་སོགས་བོད་ཀྱི་ས་ཆ་མདོ་སྟོད་སྨད་དང་དབུས་གཙང་གང་སར་འདི་འདྲ་བྱུང་བ་རེད། འདི་ཚོ་ལ་ཁ་ཡ་བྱེད་ཀྱི་ཡོད་མ་རེད་ལ། དབང་ཆ་དེ་ས་གནས་དཔོན་རིགས་ལ་སྤྲད་པ་དང་ས་གནས་དཔོན་རིགས་མང་པོ་ཞིག་གིས་ལྐོག་རྔན་ལེན་ནས་འདྲ་མི་འདྲ་བྱས་པ་རེད། གང་ལྟར་ཁྲིམས་མེད་ལུངས་མེད་ག་རེ་བྱས་པ་ཡིན་རུང་ལྟ་རྟོགས་བྱེད་མཁན་མེད་པ་འདྲ་པོའི་གནས་སྟངས་ཤིག་ཆགས་པ་རེད། དེ་བཞིན་སྐབས་དེ་དུས་ཁོར་ཡུག་དང་འདི་ཚོའི་ཐོག་ལ་ཡག་པོ་མེད་པའི་གནས་སྟངས་ཤིག་ཆགས་པ་རེད།
རྒྱ་ནག་དམར་ཤོག་གཞུང་གི་མི་རབས་གསུམ་པའི་ཆེས་མཐོའི་དབང་འཛིན་པ་ཅང་ཙེ་མིན་གྱི་སྐབས་སུ་བོད་ནང་འཛིན་པའི་སྲིད་ཇུས་ལ་མཚོན་ན། བརྟན་ལྷིང་ནི་ལས་དོན་གང་ལས་ཀྱང་གལ་ཆེ་བ་ཡོད་པ་དང་། བོད་རྒྱ་མི་རིགས་གཉིས་ནི་ཕན་ཚུན་ཁ་བྲལ་ཐབས་མེད་པ་ཟེར་བའི་ཐོག་ནས་བོད་ལ་མུ་མཐུད་དབང་བསྒྱུར་བྱས་ཡོད།
*རྒྱ་ནག་དམར་ཤོག་གཞུང་གི་འདས་པའི་ལོ་ངོ་ ༧༥ ནང་བོད་ལ་དབང་བསྒྱུར་བྱས་པ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག མའོ་ཙེ་ཏུང་གི་དུས་སྐབས། ཏེང་ཞའོ་ཕིང་གི་དུས་སྐབས། ཅང་ཙེ་མིན་གྱི་དུས་སྐབས། ཧུའུ་ཇིང་ཐའོ་ཡི་དུས་སྐབས། ཞི་ཅིན་ཕིང་གི་དུས་སྐབས།
གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།