རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥དུས་ཚོད་ནང་གི་བོད་དང་བོད་མིའི་གནས་སྟངས། ཧུའུ་ཇིན་ཐའོ་ཡི་དུས་སྐབས།

2024.10.29
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥དུས་ཚོད་ནང་གི་བོད་དང་བོད་མིའི་གནས་སྟངས། ཧུའུ་ཇིན་ཐའོ་ཡི་དུས་སྐབས།
ནོར་སྡེ།

༡༩༤༩ལོའི་ཟླ་༡༠ཚེས་༡ཉིན་རྒྱ་ནག་དམར་ཤོག་གཞུང་འདི་གསར་འཛུགས་བྱས་པའི་རྗེས་སུ་དབང་གྲགས་ཆེ་བའི་དཔོན་རིགས་ཁག་ཅིག་ཐོན་ཡོད་པའི་ནང་ནས་ཧུའུ་ཇིན་ཐའོ་ནི་དམར་ཤོག་གཞུང་འདིའི་ནང་ཆེས་དབང་ཤུགས་ཆེ་བའི་མི་རབས་བཞི་པའི་དཔོན་རིགས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ།   ལྷག་པར་དུ་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དཔོན་རིགས་ཤིག་བོད་ནང་དངོས་སུ་ལས་ཀ་བྱ་མྱོང་ཡོད་མཁན་གཅིག་པུ་འདི་ཆགས་ཡོད།

ཧུའུ་ཇིན་ཐའོ་ནི་༢༠༠༢ལོའི་ཟླ་བ་བཅུ་གཅིག་པའི་ནང་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དབང་འཛིན་པར་གྱུར་ཡོད་ཅིང་།  ༡༩༨༩ལོ་ནས་༡༩༩༢ལོ་བར་ཧུའུ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཆེས་མཐོའི་དབང་འཛིན་པ་བྱས་ཡོད།   དུས་རབས་༢༡པའི་ནང་གི་བོད་ལ་མཚོན་ན།  གཤམ་འོག་ས་གནས་ཁག་གི་དབང་ཆ་ཡང་རྒྱ་མི་རིགས་ཀྱི་འཛིན་པའི་གནས་སྟངས་འདི་ཤུགས་ཆེ་རུ་ཕྱིན་ཡོད་པའི་སྐོར་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་འདུག  

ཧུའུ་ཇིན་ཐའོ་ཡི་སྐབས་སུ་སྤྱིར་བཏང་མང་ཆེ་བ་ཅང་ཙེ་མིན་གྱི་སྲིད་ཇུས་མུ་མཐུད་དེ་ལག་བསྟར་བྱས་ནས་བསྡད་ཡོད།   དེ་ཡང་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་དང་མངའ་སྡེ་ནས་མངའ་སྡེར་རྒྱབ་སྐྱོར་བྱེད་རྒྱུ།  དེ་ནས་གཙོ་བོ་ཆེ་བ་ཞིག་ནི་རྒྱ་མིའི་ལས་བྱེད་མངགས་གཏོང་གི་སྲིད་ཇུས་དེ་ཅང་ཙེ་མིན་གྱི་སྐབས་སུ་ཡོད་པ་དེ་ཧུའུ་ཇིན་ཐའོ་སྐབས་སུ་ཤུགས་ཆེན་པོ་ཆགས་ཡོད།  བོད་སྐྱོར་ལས་བྱེད་ཟེར་རྒྱ་ནག་ནང་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་དཔོན་རིགས་ཡིན་ཟེར་ནས་རྒྱ་མི་བཏང་ནས་གནད་འགག་དེ་ཚོ་ཚང་མ་རྒྱ་མིའི་ལག་ཏུ་བཟུང་ནས་བསྡད་པ་དེ་འདྲ་བྱུང་བ་རེད།  སྲིད་ཇུས་དེ་ཧུའུ་ཇིན་ཐའོ་ཡི་སྐབས་སུ་རེད།

ཧུའུ་ཇིན་ཐའོ་ཡི་སྐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་ཐེངས་ཁ་ཤས་ཤིག་བྱུང་ཡོད་པ་ཡིན་རུང་།  བོད་ནང་གི་གནས་སྟངས་ལ་འགྱུར་བ་ཕྱིན་མེད་པའི་ཐོག་དཔལ་འབྱོར་འཛུགས་སྐྲུན་གྱི་མིང་ཐོག་ནས་བོད་ནང་གཏེར་ཁ་བསྔོག་འདོན་དང་།  དབུལ་ཕྱུག་གི་ཁྱད་པར།  བོད་རྒྱ་མི་རིགས་ཕན་ཚུན་འདྲ་མཉམ་མེད་པ་སོགས་སྤྱི་ཚོགས་ཐོག་གི་དཀའ་ངལ་འཕྲད་བཞིན་ཡོད་ལ།  ལྷག་པར་དུ་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་དབང་གིས་ཐད་ཀར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་དཀའ་ངལ་འདི་མུ་མཐུད་འཕྲད་མུས་ཀྱི་གནས་སྟངས་ཤིག་ཆགས་ཡོད།  ཡང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་ངོས་འཛིན་གནང་བར། 

 ཧུའུ་ཇིན་ཐའོ་ཡི་དུས་ཚོད་ལ་ཁོ་རང་སྔོན་མ་བོད་ལ་དྲག་གནོན་བྱེད་པའི་ནང་དངོས་སུ་ཞུགས་ཏེ་དངོས་སུ་དྲག་གནོན་བྱེད་མཁན་གྱི་མི་ཞིག་རེད་ལ།   འདི་འདྲའི་ཐོག་ནས་ཁོ་རང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལ་སླེབས་པ་རེད།   ཁོ་རང་གི་ཁྲག་རྒྱུན་ནང་ལ་མི་རིགས་རྩ་མེད་དང་།   ལྷག་པར་དུ་བོད་པར་འཛིན་པའི་གདུག་རྩུབ་ཧ་ཅང་ཆེ་བའི་སྲིད་ཇུས་འདི་རེད།   ཡིན་ན་ཡང་ཁོ་རང་དུས་ཚོད་དེ་ལ་དཔལ་འབྱོར་དང་དེ་ཚོ་མུ་མཐུད་དེ་ཟིན་པ་དང་།   དུས་ཚོད་དེ་ལ་རྒྱ་ནག་གི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཁྱབ་པའི་སྐབས་ཤིག་ཡིན་དུས་དེའི་བར་ལ་སྤྱིའི་ཆ་ནས་རྒྱ་ནག་གཞུང་གི་དཔལ་འབྱོར་གནས་སྟངས་དེ་མུ་མཐུད་ནས་ཡར་ཕྱིན་པ་དང་།   དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དེ་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་ཡོད་པའི་དུས་ཚོད་ཅིག་ལ་སླེབས་ཡོང་གི་ཡོད།   དཔེར་ན་ལྐོག་ཟ་རུལ་སུངས་དང་དེ་འདྲའི་གནས་སྟངས་ཤིག་རེད།   ཡང་བོད་ལ་འཛིན་པའི་སྲིད་ཇུས་འདིའི་ཐོག་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེ་བརྟན་དུ་བརྟན་དུ་འགྲོ་དུས་བོད་ནང་ལོག་གི་བོད་པ་ཚོ་ལ་མ་འོངས་པ་ཟེར་བ་ཞིག་མཐོང་རྒྱུ་མི་འདུག   བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཟེར་བ་ཞིག་མཐོང་རྒྱུ་མི་འདུག་ཟེར་ནས་དེ་འདྲའི་བློ་འཚབ་ཆེན་པོ་ཞིག་དང་དེ་འདྲའི་གནོན་ཤུགས་ཆེན་པོ་ཞིག་འོག་ནས་༢༠༠༨ལོ་ལྟ་བུ་ལ་མཚོན་ན།   ༡༩༥༩ལོའི་རྗེས་ལ་དུས་ཚོད་གཅིག་པར་བོད་ས་ཡོངས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་ཆེན་པོ་ཞིག་ཆགས་པ་རེད།

༢༠༠༨ལོར་བོད་ས་ཡོངས་སུ་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ཐོན་ཡོད་པ་དང་།  ༢༠༠༩ལོ་ནས་བོད་མིའི་རང་སྲེག་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་ཐོན་ཡོད་པས།   རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད།  ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པར།  

༢༠༠༨ལོའི་རྗེས་སུ་བོད་སྤྱི་ཡོངས་སུ་ངོ་རྒོལ་བྱས་ནས་སྔོན་མ་ཁོ་ཚོས་ཧ་ལས་པའི་འབད་བརྩོན་བྱས་ཏེ་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་ཟེར་བ་དང་།   བོད་ཀྱི་གནས་ཚུལ་འདི་གྲལ་རིམ་འཐབ་རྩོད་རེད་ཟེར་བ།   ཏཱ་ལའི་ཁ་བྲལ་ཚོགས་པ་དེ་ཚོས་སོ་སོ་དབང་ཆ་དང་གནའ་སྔ་མོའི་སྤྱི་ཚོགས་རྙིང་མ་བསྐྱར་ལོག་དང་རོ་ལང་བྱེད་རྒྱུ་རེད་ཟེར་བ་སོགས་ཁོ་ཚོས་དྲིལ་བསྒྲགས་དང་འབད་བརྩོན་བྱས་པ་ཚང་མ་གཞི་རྩ་གཅིག་ཀྱང་མེད་པ་ཆགས་ཡོད།   ཡང་ངོ་རྒོལ་བྱེད་མཁན་ཚང་མ་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཡིན་དུས་མི་རིགས་རིང་ལུགས་ཀྱི་ལྟ་བ་ཧ་ལས་པའི་མངོན་གསལ་དོད་པོ་ཆགས་ནས་རྒྱ་མིས་སྔོན་མ་བོད་པ་བསླུ་ཁྲིད་བྱས་པ་དང་ཁེ་བཟང་ཏོག་ཙམ་སྤྲད་ན་རྒྱ་ནག་ལ་དགའ་པོ་བྱེད་རྒྱུ་དང་།   ཉུང་མཐར་ཕྱེད་ཀ་ཙམ་དང་ཡང་ན་བརྒྱ་ཆ་གང་ཙམ་ཞིག་གིས་དགའ་པོ་བྱེད་ཀྱི་རེད།   རྒྱ་ནག་ལ་དེ་འདྲའི་དགའ་པོ་བྱེད་མཁན་བྱུང་ན་དེ་ཚོ་བེད་སྤྱོད་བཏང་ནས་བོད་དེ་དབང་སྒྱུར་བྱེད་ཐུབ་ཀྱི་རེད་བསམ་པའི་ཁོང་ཚོས་མི་རིགས་གཞན་པའི་ནང་ལ་ལམ་ལྷོང་བྱུང་པའི་སྲིད་ཇུས་དེ་བོད་ནང་ལམ་ལྷོང་འགྲོ་མི་ཐུབ་པ།   བོད་མི་རིགས་དེ་རྡོག་རྩ་གཅིག་སྒྲིལ་ཡིན་པ་དེ་མངོན་གསལ་དོད་པོ་ཆགས་ནས་སྔོན་མ་ཁོང་ཚོས་རེ་བ་བཅངས་པ་ཚང་མ་མེད་པ་ཆགས་པ་རེད།  དབྱེ་འབྱེད་མང་པོ་ཞིག་ཡོད་ན་ཡང་ད་དུང་རྡོག་རྩ་གཅིག་སྒྲིག་བྱས་ནས་གནས་ཐུབ་པ་དང་མི་རིགས་ཀྱི་ངོ་བོ་གནས་ཐུབ་པ་དེ་ཚོ་ཚང་མའི་གཞི་རྩ་ཆོས་ལུགས་ཡིན་པར་ཁོ་ཚོས་ངོས་འཛིན་བྱས་ནས་ཆོས་ལུགས་ལ་བཀག་སྡོམ་དང་ཆོས་ལུགས་ལ་མ་དགའ་བ་བྱེད་པ་དེ་ཧུའུ་ཇིན་ཐའོ་ཡི་༢༠༠༨ལོའི་རྗེས་ལ་འགོ་བཙུགས་པ་དང་།  དེས་མ་ཚད་བཙན་དབང་གི་ཐོག་ནས་བོད་ཀྱི་ས་ཆ་གང་སར་༢༠༠༨ལོའི་རྗེས་ནས་ད་ལྟ་སློབ་གྲྭ་བཙུགས་ཏེ་རྒྱ་ཡིག་མ་ཏོག་སྦྱངས་མ་བཅུག་པ།   དགོན་པའི་ནང་གྲྭ་བཙུན་ཕྱིར་ཕུད་ད་དང་འཛིན་བཟུང་བྱས་པ།  ཡར་མར་འགྲོ་མ་ཆོག་པ།   རྫོང་ནས་རྫོང་གཅིག་ལ་སྐྱོད་ན་ཕྱི་རྒྱལ་ལ་འགྲོ་བ་ལས་དཀའ་ལས་ཆེ་བ་ཡོད་པ།   དེ་བཞིན་ལྷ་ས་ལ་གནས་སྐོར་ལ་འགྲོ་དགོས་ནས་ཕྱི་རྒྱལ་ལ་འགྲོ་བ་ལས་དཀའ་ལས་ཆེ་བའི་ཐོག་ནས་ཡིག་ཆ་ལྔ་དྲུག་ཙམ་གྲ་སྒྲིག་བྱ་དགོས་པ།   དམ་བསྒྲགས་ཤུགས་ཆེན་པོ་བྱས་པ་དེ་འགོ་བཙུགས་པ་རེད།   ལོ་རབས་བརྒྱད་བཅུའི་ནང་སྐོང་ཚོགས་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འདི་ནི་བོད་རང་སྐྱོང་ལྗོངས་གཅིག་པུར་དམིགས་པ་ཞིག་ནས་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་འདི་ཐོན་པའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འདི་ཡང་བོད་ས་ཡོངས་ཀྱི་ཁྱབ་ཁོངས་སུ་གྱུར་བ་ཆེན་པོ་ཕྱིན་ཡོད།  སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་པར། 

༢༠༠༨ལོ་ལྟ་བུར་མཚོན་ན།   བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད།   དཔེར་ན།  སྔོན་མ་ཡིན་ན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་འདི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་མ་གཏོགས་ཡོད་མ་རེད།   དེའི་ནང་གི་འཆར་གཞི་དང་ཚོགས་འདུ་དང་འབྲེལ་བའི་ཉམས་ཞིབ་བྱེད་མཁན་ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དེ་ཚོ་ཆགས་ཀྱི་ཡོད།   ༢༠༠༨ལོའི་རྗེས་ནས་བཟུང་སྟེ་བོད་རང་སྐྱོང་ལྗོངས་དང་བོད་རང་སྐྱོང་ཁུལ།  བོད་རང་སྐྱོང་རྫོང་ལ་སོགས་པ་བོད་ས་ཡོངས་དང་།  བོད་རང་སྐྱོང་ཁུལ་ཡོད་སའི་ཞིང་ཆེན་དེ་ཚོའི་དཔོན་རིགས་ལ་སོགས་པ་མཉམ་ཞུགས་བྱས་ཏེ་བོད་ཡོངས་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད།   སྔོན་མ་ཡིན་ན་བོད་རང་སྐྱོང་ལྗོངས་དང་ས་ཆ་གཞན་པ་དེ་ཚོ་ཅུང་ཁྱད་པར་ཡོད་རུང་ལག་བསྟར་བྱེད་སྟངས་ཀྱི་ཐོག་ནས་ཤུགས་ཆེ་ཆུང་གི་ཁྱད་པར་ཡོང་གི་ཡོད།   ༢༠༠༨ལོ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་གཅིག་གྱུར་གྱི་སྲིད་ཇུས་འགོ་བཙུགས་པའི་རྒྱུ་མཚན་ལ་བརྟེན་ནས་ཞི་ཅིན་ཕིང་གི་སྲིད་ཇུས་དེ་ཡོང་གི་ཡོད།   ༢༠༠༨ལོའི་རྗེས་ལ་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བོད་མི་རིགས་ཐོག་ལ་འཛིན་པའི་སྲིད་ཇུས་དང་རིག་གཞུང་ཐོག་ལ་འཛིན་པའི་སྲིད་ཇུས་དེ་ཚོ་ཚང་མ་རྩ་བའི་ཆ་ནས་འགྱུར་བ་ཕྱིན་པའི་དུས་ཚོད་ཅིག་ཆགས་ཡོད།

བོད་ས་ཡོངས་ཀྱི་ཁྱབ་ཁོངས་སུ་ཆོས་ལུགས་བྱེད་སྒོར་བཀག་བསྡོམས་དང་དགོན་པ་ཁག་ནང་གྲ་བཙུན་མང་པོ་འཛིན་བཟུང་བཀག་ཉར་འོག་ཚུད་པ།  དགོན་པ་དང་དམངས་ཁྲོད་ལ་ཆོས་ལུགས་དད་མོས་ཐོག་དེ་བས་དམ་བསྒྲགས་ཀྱི་གནས་སྟངས་ཤིག་ལ་གྱུར་བ་ཕྱིན་ཡོད་ལ།  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨྲས་ཞུས་པ་སོགས་མུ་མཐུད་བོད་ཕྱི་ནང་གཉིས་སུ་ལས་འགུལ་སྤེལ་བཞིན་ཡོད།  བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས་གསུངས་པར།

ཧུའུ་ཇིན་ཐའོ་ནི་༢༠༠༢ལོ་ནས་༢༠༡༢ལོ་བར་དུ་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་འདི་ཆགས་ཡོད།   ཅང་ཙེ་མིན་གྱི་སྐབས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བའི་སྐབས་སུ་༡༩༨༩ལོར་ཧུའུ་ཇིན་ཐའོ་ལྷ་སའི་དྲུང་ཆེ་གཙོ་བོ་འདི་ཆགས་ཡོད།   རྒྱ་མིའི་མཁས་པ་གཅིག་གིས་གསུངས་ཀྱི་འདུག   ༨༩ལོ་ལ་ཁོ་རང་ཚོ་ནང་ཁུལ་གྱི་བརྙན་པར་དེ་ཚོའི་ནང་ལ་ཧུའུ་ཇིན་ཐའོ་སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་འདི་ཡིན་དུས་༨༩ལོ་ལ་ཁོ་རང་གིས་མེ་མདའ་སྦག་སྦག་འཁྱེར་ནས་ལྷ་སའི་ཁྲོམ་གཞུང་ཐོག་རྒྱ་ནག་གི་དམག་མིའི་སྟོད་ཐུང་ཆེན་པོ་གྱོན་ནས་ཡོད་པའི་པར་དང་བརྙན་པར་དེ་འདྲ་ཡོད་པ་བརྗོད་མཁན་འདུག   བྱས་ཙང་ཁོ་རང་གིས་གྲངས་ཉུང་མི་རིགས་དང་བོད་པའི་ཐོག་ལ་སྲིད་ཇུས་དྲག་པོ་འཛིན་གྱི་ཡོད་པ་མངོན་ཐུབ་རྒྱུ་དང་།   ལྷག་པར་དུ་ཧུའུ་ཇིན་ཐའོ་ཡི་སྐབས་སུ་༢༠༠༨ལོ་ལ་ཞི་རྒོལ་ཆེན་པོ་བྱུང་བ་རེད།   དེའི་རྗེས་སུ་༢༠༠༩ལོར་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་འགོ་བཙུགས་པ་ནས་བཟུང་༢༠༠༨ལོའི་རྗེས་ལ་བོད་ས་ཡོངས་ལ་དྲག་གནོན་བྱས་ཏེ་དེའི་སྐབས་སུ་དྲག་གནོན་གྱི་སྲིད་ཇུས་དང་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་ནང་རྒྱ་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་སྐུལ་སློང་བྱས་པའི་སྲིད་ཇུས་དེ་ནན་རུ་ཕྱིན་ཡོད།   ལྷག་པར་དུ་དེ་དུས་དགོན་པར་བཅའ་སྡོད་ལས་དོན་རུ་ཁག་ཟེར་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཟེར་བ་ཚང་མ་ཧུའུ་ཇིན་ཐའོ་ཡི་སྐབས་དང་གྲེན་ཇོན་གོའོ་ཡི་སྐབས་སུ་བྱུང་བ་རེད།   བྱས་ཙང་དེའི་སྐབས་ཁོ་རང་ཚོས་དགོན་པའི་ནང་ལ་དམར་ཤོག་ཚོགས་པ་བཙུགས་པ་དང་ལས་དོན་རུ་མི་ཚོས་དམ་བསྒྲགས་བྱས་པ།   ད་ལྟའི་སྐབས་སུ་དགོན་སྡེ་དམར་ཤོག་ཚོགས་པའི་སློབ་གྲྭ་ནང་བཞིན་སློབ་གསོ་སྤྲད་པ་དང་དམ་བསྒྲགས་བྱས་པ།   རྒྱལ་གཅེས་ཆོས་གཅེས་དང་དམར་ཤོག་གི་སློབ་གསོ་དང་དྲིལ་བསྒྲགས་དེ་ཚོས་གནོན་ཤུགས་སྤྲད་པ།   གཞུང་ཞབས་དང་དགེ་རྒན་སློབ་ཕྲུག   དམར་ཤོག་ཚོགས་མིས་ཆོས་བྱེད་མ་ཆོག་པ་སོགས་སྔར་དང་མི་འདྲ་བ་༢༠༠༨ལོའི་རྗེས་དམངས་ཁྲོད་རང་ལ་དྲག་གནོན་ཤུགས་ཆེ་རུ་ཕྱིན་ཡོད།   ཧུའུ་ཇིན་ཐའོ་ཡི་སྐབས་སུ་བོད་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མང་པོ་ཐོན་ཡོད་རུང་ཚང་མས་བོད་ཀྱི་སྤྱི་ཚོགས་ཀྱི་བརྟན་ལྷིང་འདི་ཁོང་ཚོའི་སྲུང་སྐྱོབ་ཀྱི་ཉི་གདུགས་ལྟ་བུ་བྱས་ཡོད་ལ།   དེ་དང་དུས་མཚུངས་བོད་ཀྱི་ཐོན་ཁུངས་ལ་གསར་སྤེལ་གྱི་མིང་ཐོག་ནས་གཏེར་ཁ་བསྔོག་འདོན་དང་ཆུ་མཛོད་གློག་ཁང་གསར་རྒྱག་སོགས་ཀྱི་ཐོག་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེ་བཏང་ཡོད་སྐོར་ཟླ་བ་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་འདུག ཧུའུ་ཇིན་ཐའོ་ཡི་སྐབས་སུ་ས་གནས་དཔོན་རིགས་ལ་སྟངས་འཛིན་གང་ཡང་བྱ་ཐུབ་ཀྱི་མེད།   བཤད་སྟངས་སྡུག་པོ་བྱས་ན་ནུས་པ་མེད་པ་དང་བཤད་སྟངས་ཡག་པོ་བྱས་ན་མི་བཟང་པོ་འཇམ་པོ་དེ་འདྲ་རེད།   དཔོན་རིགས་སུ་ཞིག་ལ་དོན་ངོ་མའི་སྟངས་འཛིན་བྱ་ཐུབ་ཀྱི་མེད།   ཁོ་རང་གི་ལས་ཁུངས་ནང་ལ་ཆབ་སྲིད་ལྷན་ཁང་གི་མི་བརྒྱད་ཡོད་པ་སོ་སོས་ལས་ཁུངས་རེ་བཟུང་ནས་རང་བཙན་རྒྱལ་ཁབ་ནང་བཞིན་བྱེད་ཀྱི་ཡོད།   དཔེར་ན།  ཀྲའོ་ཡུང་ཁང་གིས་ཟི་ཁྲོན་གྱི་ས་ཆ་ལ་དབང་འཛིན་བྱས་པ་དང་ཟི་ཁྲོན་གྱི་བོད་པ་ཚོར་དྲག་གནོན་བྱས་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མ་ཉེས་ཁ་གཡོགས་ཀྱིས་འབར་རྫས་སྤར་བ་རེད་ཟེར་བ་དང་གང་ལྟར་ཧང་སངས་པའི་ཁྲིམས་མེད་ལུང་མེད་བྱས་པ་ཡིན་རུང་ཧུའུ་ཇིན་ཐའོ་ཡིས་གང་ཡང་སྟངས་འཛིན་བྱ་ཐུབ་མེད།   དེ་ནས་རྒྱ་ནག་ནང་ལ་དཔལ་འབྱོར་གང་ཙམ་ཡག་པོ་ཆགས་པ་དང་སྤོབས་པ་སླེབས་ནས་རྒྱལ་སྤྱིའི་ནང་ལ་བསྟུན་མ་དགོས་པ་འདྲ་བོ་ཆགས་པ་དེ་ཚོས་བོད་ཀྱི་ས་ཆར་དམ་བསྒྲགས་ཤུགས་ཆེན་བྱས་པ་དེ་དུས་ནས་འགོ་བཙུགས་པ་རེད།   དཔེར་ན་བོད་ནང་ལ་ལྐོག་ཟ་རུལ་སུངས་ཏིང་ཞའོ་ཕིང་གི་སྐབས་ནས་ཡོད་པ་དང།   ད་དུང་ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཀྱི་ཡོད་རེད།  ཁྱེད་རང་གིས་ལྐོག་ཟ་རུལ་སུངས་བྱས་པ་དེ་རྒྱ་ནག་གིས་ཤེས་ཚར་བ་དང་བེད་སྤྱོད་བཏང་སྟེ་དེའི་ཐོག་ནས་སྟངས་འཛིན་བྱས་ཤིང་།  བོད་པའི་ལས་བྱེད་ཚོས་རྒྱ་ནག་གཞུང་གི་ཁ་ལ་ཉན་དགོས་ཡོང་གི་ཡོད།   གང་ལྟར་ལས་ཀ་ག་རེ་བྱས་ཀྱང་རྔན་པ་མ་སྤྲད་ན་ལས་ཀ་བྱེད་ཐུབ་ཀྱི་མེད་པ་འདི་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་སྟངས་ཆགས་ཡོད།  དེ་གཙོ་ཆེ་ཤོས་ཧུའུ་ཇིན་ཐའོ་མི་དེ་འཇོན་པོ་མེད་པ་དང་བློ་ཁོག་མེད་པ་ཟེར་ནས་འོག་གི་ལས་བྱེད་ཚོ་གནོན་མི་ཐུབ་པ་ཟེར་ན་ཡང་འདྲ།  གང་ལྟར་གནས་སྟངས་དེ་འདྲའི་འོག་བྱུང་བ་མིན་ནམ་བསམ་གྱི་འདུག

ཡང་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་པར། རྒྱ་ནག་གི་གཏེར་ཁའི་ཐོན་ཁུངས་མང་པོ་ཞིག་ཏེང་གི་རྗེས་ནས་ལོ་མང་པོ་ཞིག་གི་ནང་དཀའ་ངལ་འཕྲད་ནས་ཐོན་ཁུངས་རྫོགས་འགྲོ་བཞིན་ཡོད་པའི་དུས་ཚོད་ཅིག་སླེབས་པ་རེད།  ཡང་ཐོན་ཁོངས་ཕུན་སུམ་ཚོགས་པ་ཡོད་ས་ནི་བོད་ཀྱི་ས་ཆ་རེད།  རྒྱ་ནག་ནང་ལ་ཐོན་ཁུངས་དེ་ཚོ་རེ་རེ་བཞིན་རྫོགས་ནས་དཀའ་ངལ་འཕྲད་ཡོང་དུས་བོད་ནས་གཏེར་ཁ་བསྔོག་རྒྱུ་དང་བོད་ཀྱི་ཐོན་ཁུངས་རྒྱ་ནག་ལ་ལེན་པའི་ཚད་དེ་ཧ་ཅང་ཤུགས་ཆེན་པོ་རེད།  དེ་མཉམ་དུ་ཐོན་ཁུངས་དེ་བསྔོག་པའི་ཆེད་དུ་གཞུང་ལམ་བཟོས་པ་དང་རི་ལིའི་ལྕགས་ལམ་བཟོས་པ་སོགས་ཁོར་ཡུག་གཏོར་བཤིག་བཏང་བ།   དེ་བཞིན་རྒྱ་ནག་ནང་དཔལ་འབྱོར་གྱི་བཟོ་གྲྭ་མང་པོ་ཡོད་དུས་གློག་དགོས་པ་དང་གློག་དགོས་ན་ཆུ་མཛོད་རྒྱབ་དགོས་པ་དང་ཆུ་མཛོད་རྒྱབ་ན་ཁོར་ཡུག་ལ་གཏོར་བཤིག་བཏང་གི་ཡོད་པ་འཛམ་གླིང་ཐོག་ཡོངས་གྲགས་ཀྱི་ཁས་ལེན་བྱེད་ཀྱི་ཡོད།   ཡང་མི་གནས་སྤོ་བྱེད་དགོས་ཡོད་པ་དང་ཆུ་མཛོད་དེ་ཚོ་བཟོ་ཆེད་རྒྱ་ནག་ནས་མི་འབོར་མང་པོ་གནས་སྤོས་དགོས་ཀྱི་ཡོད།  བྱས་ཙང་རྒྱ་མི་གཙང་མའི་གྲོང་ཁྱེར་ཆགས་ཀྱི་ཡོད་པ་དང་།   རྒྱ་མི་དེ་ཚོ་ཡོང་བ་ཡིན་ན་རྒྱ་ཡི་འཚོ་བ་རོལ་སྟངས་ཆགས་ཏེ་ཁོང་ཚོས་འབྲོག་ལས་ནི་བྱེད་ཀྱི་མ་རེད།   རྒྱ་ནག་གི་འགྲོ་སྟངས་བཞིན་སྐྱོད་དེ་ཁོར་ཡུག་གཏོར་བཤིག་བཏང་པ་སོགས་དེ་འདྲའི་ཕྱོགས་ནས་བོད་ཀྱི་མདོ་དབུས་ཁམས་གསུམ་ཡོངས་ལ་དཀའ་ངལ་འཕྲད་པ་དེ་རང་རེད་བསམ་གྱི་འདུག

མདོར་ན་ཧུའུ་ཇིན་ཐའོ་ཡིས་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་བྱས་པའི་དུས་ཚོད་འདིའི་ནང་བོད་དང་ཤིན་ཅང་ངམ་ཤར་ཐུ་ཀི་སི་ཏན་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཁག་ཅིག་ཐོན་ཡོད་པར་བརྟེན་ནས་མི་རིགས་ས་ཁུལ་དུ་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ།  བོད་ནང་མཚོན་ན་ཡང་ཧུའུ་ཡི་དུས་སྐབས་འདིའི་ནང་བོད་ས་ཡོངས་སུ་བོད་ཀྱི་ཆོས་དང་རིག་གཞུང་།  ཁོར་ཡུག  འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་མེད་སོགས་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཆགས་ཡོད་འདུག

*རྒྱ་ནག་དམར་ཤོག་གཞུང་གི་འདས་པའི་ལོ་ངོ་ ༧༥ ནང་བོད་ལ་དབང་བསྒྱུར་བྱས་པ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག མའོ་ཙེ་ཏུང་གི་དུས་སྐབས། ཏེང་ཞའོ་ཕིང་གི་དུས་སྐབས། ཅང་ཙེ་མིན་གྱི་དུས་སྐབས། ཧུའུ་ཇིང་ཐའོ་ཡི་དུས་སྐབས། ཞི་ཅིན་ཕིང་གི་དུས་སྐབས།

གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎