རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥དུས་ཚོད་ནང་གི་བོད་དང་བོད་མིའི་གནས་སྟངས། ཏེང་ཞའོ་ཕིང་གི་དུས་སྐབས།
༡༩༤༩ ལོའི་ཟླ་༡༠ཚེས་༡ཉིན་རྒྱ་ནག་དམར་ཤོག་གཞུང་འདི་གསར་འཛུགས་བྱས་པའི་རྗེས་སུ་དབང་གྲགས་ཆེ་བའི་དཔོན་རིགས་ཁག་ཅིག་ཐོན་ཡོད་པའི་ནང་ནས་དམར་ཤོག་གཞུང་འདིར་ཤུགས་རྐྱེན་ཆེ་བའི་དཔོན་རིགས་ཤིག་ནི་ཏེང་ཞའོ་ཕིང་ཆགས་ཀྱི་ཡོད།
ཡང་ཏེང་ཞའོ་ཕིང་གིས་དབང་བསྒྱུར་འགོ་ཁྲིད་བྱས་པའི་བརྒྱུད་རིམ་འདིའི་ནང་བོད་ལ་འཛིན་པའི་སྲིད་ཇུས་དང་བོད་དང་བོད་མིའི་གནས་སྟངས་ལ་འགྱུར་བ་གང་འདྲ་ཞིག་ཕྱིན་ཡོད་པ་རེད་དམ་ཞུས་ན། རྒྱ་ནག་དམར་ཤོག་གཞུང་འདིའི་དབང་འཛིན་པ་མའོ་ཙེ་ཏུང་གི་སྐབས་སུ་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་དབང་བསྒྱུར་བྱས་ཤིང་། བོད་ཀྱི་སྤྱི་ཚོགས་སྒྲོམ་གཞི་དང་བོད་གཞུང་དགའ་ལྡན་ཕོ་བྲང་རྩིས་མེད་བཏང་ཡོད་ལ། ཆབ་སྲིད་ཀྱི་ལས་འགུལ་ཁག་གི་ཁྲོད་ནས་བོད་མིའི་བླ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ལ་གཏོར་བཤིག་ཚབས་ཆེན་ཕོག་ཡོད། ཆེས་མཐོའི་དབང་འཛིན་པ་མའོ་ཙེ་ཏུང་འདས་གྲོངས་སུ་སོང་བ་དང་རྒྱ་ནག་ནང་དུ་རིག་གནས་གསར་བརྗེའི་ལས་འགུལ་མཇུག་བསྒྲིལ་ཏེ་ཏེང་ཞའོ་ཕིང་གི་འགོ་ཁྲིད་པའི་རྒྱ་ནག་འདིར་ཅུང་གུ་ཡངས་ཀྱི་རྣམ་པ་ཐོན་ཡོད་ལ། དེ་དང་གཅིག་མཚུངས་བོད་ནང་ལ་ཡང་ཅུང་གུ་ཡངས་བའི་རྣམ་པ་ཞིག་ཐོན་ཡོད། འདིའི་ཐོག་ནས་བོད་ནང་འཛིན་པའི་སྲིད་ཇུས་ལ་ཡང་ཅུང་འགྱུར་བ་ཕྱིན་ཏེ་༡༩༥༩ལོའམ་ལོ་ངོ་ཉི་ཤུའི་རྗེས་སུ་བོད་ཕྱི་ནང་གི་འབྲེལ་བ་ཐོག་མར་བྱུང་ཡོད། འདིའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པར།
རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་མིང་སོགས་ཀྱི་ཐོག་ནས་མི་ཚང་མར་སྡུག་བསྔལ་དང་ཐང་ཆད་པའི་དཀའ་བསྔལ་མྱོང་དགོས་བཟོས་ཡོད། བོད་མི་རིགས་འདི་ལས་སྡུག་ཙམ་མྱོང་ཡོད་པ་བརྗོད་མི་དགོས་པ་རེད། དེ་འདྲའི་གནས་སྟངས་འོག་ཧྭ་གོ་ཧྥེང་གིས་གུ་ཡངས་ཏོག་ཙམ་བྱས་ཡོད་རུང་། ཏེང་ཞའོ་ཕིང་གིས་དེ་ལས་ལྷག་པའི་གུ་ཡངས་བྱས་ཏེ་མི་དམངས་ཀྱིས་ཏེང་ཞའོ་ཕིང་ལ་ཧ་ལས་པའི་དགའ་མོས་བྱས་པ་དང་། གུས་ཞབས་བྱེད་པའི་གནས་སྟངས་ཤིག་ཆགས་ཡོད། ཏེང་ཞའོ་ཕིང་དང་ཧུའུ་གཡའོ་པང་སྐབས་སུ་ག་རེ་བཤད་ཀྱི་ཡོད་པ་རེད་དམ་ཞུས་ན། ལོ་རྒྱུས་ཐོག་ལ་ཟེར་གཙོ་བོ་ཆེ་ཤོས་མའོ་ཙེ་ཏུང་གི་སྐབས་སུ་ལྷག་བསྡད་པའི་གནས་ཚུལ་དེ་ཚོ་ཐག་གཅོད་རྒྱུ་དང་། ཡིན་ན་ཡང་བོད་ཀྱི་ཐོག་ལ་སླེབས་དུས་རྒྱ་ནག་གཞུང་གིས་བོད་དེ་ཡག་ཐག་ཆོད་ཡོད། འོན་ཀྱང་ཕྱི་ལ་ཡོད་པའི་ཏཱ་ལའི་བླ་མ་དང་བཙན་བྱོལ་བ་ཁག་ཅིག་གི་གནས་ཚུལ་དེ་ཐག་གཅོད་དགོས་ཀྱི་འདུག་ཟེར་ནས། དེ་ནས་ཁོ་ཚོས་རང་འགུལ་གྱིས་ཚུར་ལ་འབྲེལ་བ་བྱས་པ་དང་ཕན་ཚུན་བར་ལ་འབྲེལ་བ་བྱས་ན་ཡག་པོ་ཡོད་རེད་ཟེར་ནས་༧གོང་ས་མཆོག་གི་སྐུ་ཚབ་གདན་འདྲེན་ཞུས་པ་དང་། དེ་ནས་ཕན་ཚུན་བར་ལ་སྒོ་མོ་ཕྱེ་རྒྱུ་དེ་འགོ་བཙུགས་པ་རེད་ལ། རིམ་པས་སྒོ་ཕྱེ་རྒྱུ་མང་པོ་ཕྱིན་ཡོད། དེ་དུས་ཁོང་ཚོར་སྤོབས་པ་ཆེན་པོ་ཡོད་པ་དང་། སྐུ་ཚབ་ཚོགས་པ་བཏང་ན་འགྲིག་གི་རེད་ཟེར་ནས་སྐུ་ཚབ་ཚོགས་པ་ལ་མི་དམངས་ཀྱིས་རྡོ་བཞུས་པ་སོགས་བྱེད་ཀྱི་རེད་བསམ་ནས་མི་དམངས་ལ་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་མི་དམངས་ཀྱིས་དགའ་བསུ་དང་ངུས་པ་སོགས་བྱས་པར་བརྟེན་རྒྱ་མི་ཧ་ལས་པའི་ངོ་ཚ་པོ་བྱུང་ཡོད་པ་རེད།
ཏེང་ཞའོ་ཕིང་གི་སྐབས་སུ་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་ཐོག་གུ་ཡངས་ཀྱི་རྣམ་པ་ཐོན་ཡོད་ལ། རྒྱལ་སྤྱིའི་ཐོག་གྲངས་ཉུང་མི་རིགས་ལ་གོ་སྐབས་མང་པོ་ཐོབ་སྐོར་བརྗོད་པའི་སྐབས་དེར་བོད་པའི་མཐོ་རིམ་མི་སྣས་འགོ་ཁྲིད་པའི་ཤེས་ལྡན་པ་ཚོས་དམིགས་བསལ་ནུས་པ་བཏོན་ཐུབ་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་བྱུང་།
མའོ་ཡིས་བོད་ཟ་རྒྱུ་དང་ཡང་ན་རྒྱ་ནག་གི་དབང་ཆ་ཟིན་རྒྱུའི་ཆེད་དུ་ཆབ་སྲིད་ཀྱི་ལས་འགུལ་མང་པོ་སྤེལ་ཏེ་ཁོ་རང་ལ་ཁ་གཏད་བྱེད་མཁན་རྩ་མེད་བཟོ་རྒྱུ་དང་ཤེས་ལྡན་མི་སྣ་རྩ་མེད་བཟོ་རྒྱུ་འདི་རེད། ཡང་ཏེང་གི་སྐབས་སུ་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་གུ་ཡངས་པོའི་ཁོར་ཡུག་ཅིག་དང་། སློབ་གསོ་སྤྲོད་པ་དང་སྤྱི་ཚོགས་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་ཚོད་འཛིན་འདི་ཚོ་གུ་ཡངས་རུ་མ་གཏོང་རང་གཏོང་ཆགས་ནས། ཅུང་ཙམ་སྔོན་ལས་གུ་ཡངས་བའི་ཁོར་ཡུག་ཅིག་སྐྲུན་ནས་དཔལ་འབྱོར་ཡར་རྒྱས་གཏོང་བའི་གནས་སྟངས་ཤིག་བྱུང་ཡོད་རེད་བསམ་གྱི་འདུག སྐབས་དེ་དུས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་ལ་སོགས་པའི་མཐོ་རིམ་གྱི་མི་སྣ་དེ་ཚོས་ཏེང་ཞའོ་ཕིང་གི་དཔལ་འབྱོར་འཛུགས་སྐྲུན་གྱི་གོ་སྐབས་འདི་ཟིན་པ་དང་རྒྱ་ནག་ནང་ལ་གུ་ཡངས་པའི་སྲིད་ཇུས་དང་རྣམ་པ་འདི་ཟིན་ནས་དཔེར་ན་རྒྱ་ནག་ནང་སློབ་གྲྭ་བཙུགས་པ་སོགས་ག་རེ་བྱེད་ཀྱི་ཡོད་པ་འདི་བོད་ཀྱི་ས་ཆ་ལ་དགོས་ཀྱི་ཡོད་ཟེར་ནས་ད་ལྟ་ཞི་ཅིན་ཕིང་དང་འདྲ་ཡི་ཡོད་པ་མ་རེད། ཁོ་རང་ཚོའི་སྲིད་ཇུས་འདི་ཕྱིའི་རྣམ་པར་རྒྱལ་སྤྱིར་བསྟུན་ཐབས་དང་རྒྱ་ནག་ནང་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་དང་གྲངས་ཉུང་མི་རིགས་དམིགས་བསལ་ཡིན་སྐོར་ཁྱབ་བསྒྲགས་མང་པོ་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་གོ་སྐབས་འདི་ཟིན་ནས་། ས་གནས་ས་ཐོག་གི་བོད་རིགས་ཀྱི་དཔོན་པོ་ཡིན་ན་ཡང་འདྲ། དབུས་གཞུང་ལ་ཡོད་པའི་བོད་ཀྱི་མཐོ་རིམ་དཔོན་རིགས་ཡིན་ན་ཡང་འདྲ། སྔོན་མ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྩ་མེད་འགྲོ་ལ་ཉེ་བའི་བོད་ཀྱི་རིག་གཞུང་འདི་ཡང་བསྐྱར་བསྐྱར་གསོ་བྱེད་ཆེད་དུང་དཀར་རིན་པོ་ཆེ་དང་རྨུ་གེ་བསམ་གཏན་རིན་པོ་ཆེ། ཨ་ལགས་ཚེ་བརྟན་ཞབས་དྲུང་སོགས་སྐབས་དེ་དུས་བཞུགས་ཡོད་པའི་བོད་ཀྱི་མཁས་པ་ཤེས་ལྡན་མི་སྣ་དེ་ཚོས་གོ་སྐབས་འདི་འདྲའི་འོག་ནས་འབད་བརྩོན་གནང་སྟེ་དུས་ཚོད་ངེས་ཅན་ཞིག་ལ་བོད་ཀྱི་སྐད་ཡིག་དང་། དེབ་རིགས་པར་སྐྲུན་བྱ་རྒྱུ་བྱུང་བ། སློབ་གསོའི་གོ་སྐབས་བྱུང་བ་འདི་དེ་འདྲ་བྱུང་བ་ཡིན་པ་བསམ་གྱི་འདུག
བོད་མིའི་ཉིན་རེའི་འཚོ་བའི་ནང་འཐིམ་ནས་ཡོད་པའི་སངས་རྒྱས་བསྟན་པ་འདི་ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་གཞུང་འདིས་ཐོག་མ་ནས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ཟིན་ཏེ་མའོ་ཡི་དུས་སྐབས་ནས་དགོན་པ་རྩ་གཏོར་སོགས་ལས་འགུལ་མང་པོ་སྤེལ་ཡོད་རུང་། ཏེང་ཞའོ་ཕིང་གི་སྐབས་སུ་ཅུང་གུ་ཡངས་ཀྱི་རྣམ་པ་ཐོན་པའི་སྐབས་སུ་བོད་མི་ཚོས་དགོན་པ་ཉམས་གསོ་སོགས་འགོ་བཙུགས་ཞུས་ཡོད་པ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས་ངོ་སྤྲོད་གནང་གི་འདུག
༧༨ལོ་ནས་༨༩ལོའི་བར་དུ་ཏེང་ཞའོ་ཕིང་གི་དུས་ཚོད་ལ་ངོས་འཛིན་བྱེད་བཞིན་འདུག ཁོ་རང་གི་དུས་ཚོད་དེ་ལ་༨༧ལོར་རྒྱ་ནག་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་རེད། དེ་དུས་ཡང་བསྐྱར་ཆོས་ལུགས་ཐོག་ལ་སྲིད་ཇུས་ཐག་གཅོད་བྱས་པ་དང་། ༨༢ལོར་ཡོང་བསྒྲགས་ངང་ཡིག་ཆ་ཨང་བཅུ་དགུ་པ་ཟེར་བ་བཞག་པ་དང་རྒྱ་ནག་གི་རྩ་ཁྲིམས་ནང་ལ་དོན་ཚན་སུམ་ཅུ་སོ་དྲུག་དེ་ལ་ཆོས་དད་རང་དབང་ཡོད་པ་བཤད་ཡོད། དེ་དུས་སྐབས་སུ་ཏོག་ཙམ་གུ་ཡངས་ཀྱི་དུས་ཚོད་ཅིག་ཆགས་ཡོད་རེད། ལྷག་པར་དུ་རིག་གནས་གསར་བརྗེ་མཇུག་བསྒྲིལ་བ་དང་པཎ་ཆེན་རིན་པོ་ཆེ་བཙོན་ཁང་ནས་གློད་གྲོལ་ཐོབ་ནས་རྒྱ་ནག་ལ་དེ་དུས་གུ་ཡངས་ཡོད་ཟེར་ལབ་ན་ཡང་ང་ཚོས་དཔྱད་གཞི་མང་པོ་ནས་མཐོང་གི་འདུག དེ་དུས་ཆོས་དད་རང་དབང་ཡིན་ལབ་ན་ཡང་བོད་ཀྱི་ཁམས་དང་ཨ་མདོའི་ས་ཆ་ནས་དབུས་གཙང་ལ་འགྲོ་མི་ཆོག་པ་དེ་དུས་ནས་མཐོང་གི་འདུག ལྷག་པར་དུ་དེ་དུས་པཎ་ཆེན་རིན་པོ་ཆེ་བཞུགས་ཡོད་ཙང་ཁོང་གི་གཙོ་འགན་བཞེས་ཏེ་འགན་ཁུར་མཁན་དང་སེར་སྐྱ་མང་ཚོགས་ཐུན་མོང་ཐོག་ནས་དགོན་པ་བསྐྱར་བཞེངས་དང་ཉམས་གསོ་བྱས་པ་ཤུགས་ཆེན་པོ་བྱུང་ཡོད། རྒྱ་ནག་གཞུང་གི་ད་ལྟའི་སྐབས་སུ་ཁོ་རང་ཚོས་མང་པོ་བྱས་སྐོར་ལབ་ནས་དངོས་ནས་བྱས་ན་གཙུག་ལག་ཁང་དང་བཀྲ་ཤིས་ལྷུན་པོ་སོགས་ཁ་ཤས་ཤིག་ལ་ཡུལ་སྐོར་གྱི་གནས་སྟོན་རྒྱུའི་ཆེད་དངུལ་སྤྲད་པ་ལས་མང་ཆེ་བ་བརྒྱ་ཆ་༩༠ལྷག་ཙམ་ཞིག་བོད་པ་རང་དང་མང་ཚོགས་རང་གིས་སེམས་ཤུགས་དང་ཤུགས་རྒྱབ་ནས་དཔལ་འབྱོར་བསྡུ་རུབ་བྱས་ཏེ་བསྐྱར་གསོ་བྱས་པ་ཞིག་རེད། ད་ལྟའི་སྐབས་སུ་དགོན་པ་གསུམ་སྟོང་ལྷག་ཙམ་ཞིག་ཡོད་ཟེར་བ་མང་ཆེ་བ་ཞིག་བོད་པ་རང་གིས་སོ་སོའི་དཔལ་འབྱོར་བཏོན་ཡོད། ཏེང་ཞའོ་ཕིང་གི་སྐབས་སུ་མའོ་ཙེ་ཏུང་གི་ཆོས་དུག་རེད་ཟེར་བ་མིན་པར་མཐུན་སྦྱོར་གླེང་བ་ཟེར་ནས། སྲིད་ཇུས་འདིའི་འོག་ཅུང་གུ་ཡངས་བྱུང་ཡོད།
ཡང་ཏེང་ཞའོ་ཕིང་སྐབས་སུ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེ་ཤོས་ཤིག་ནི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཐོག་མར་འགོ་བཙུགས་ནས་དཔལ་འབྱོར་གྱི་འཛུགས་སྐྲུན་ལ་ཁ་གཡར་བྱས་ཏེ་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་གཡོལ་སྐོར་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་ཀྱི་འདུག
ཁོང་ཚོར་དེ་དུས་བསམ་ཚུལ་གང་ཡོད་ཟེར་ན། བོད་ནང་འཚོ་བ་དེ་ཚོ་སྐྱོ་པོ་ཡིན་པ་དང་མང་ཚོགས་ཚོ་ཁེ་བཟང་མ་རག་པ་ཡིན་པ་ཡིན་ཙང་། ཏཱ་ལའི་བླ་མའི་སྔོན་མའི་བོད་འདི་དྲན་ནས་ཡོད་པས། ཁོང་ཚོར་ཡག་པོ་བྱས་ན་ཁོ་ཚོས་དྲན་གྱི་མ་རེད་བསམ་པའི་ལྟ་སྒྲུབ་གཞི་བཟུང་བྱས་ནས་ཧུའུ་གཡའོ་པང་བོད་སླེབས་ཏེ་རྒྱ་མི་རིགས་ལོག་འགྲོ་དགོས་རེད་ཟེར་སྐད་ཆ་འདྲ་མིན་བཤད་ཡོད་ལ། དེ་ནང་བཞིན་གྱི་འཛུགས་སྐྲུན་བཞི་བཅུ་ཟེར་བ་དེ་ཚོ་བྱས་ནས་ཁོང་ཚོས་གཙོ་ཆེ་ཤོས་ནི་བོད་པ་དེ་ཚོ་ལ་ཁེ་ཕན་སྤྲད་པ་དང་བསླུ་ཁྲིད་བྱས་པ། དེ་ནས་སྐུ་དྲག་ཚོར་གོ་གནས་སྤྲད་པ། དགག་པ་བཟོས་པ། དེ་བཞིན་ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མ་ལ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་གོ་གནས་ཞིག་སྤྲོད་རྒྱུ་ཡིན། བོད་ཀྱི་ཁྱེད་རང་གི་རྗེས་འཇུག་པ་དེ་ཚོ་ལ་ང་ཚོས་ལྟ་རྟོགས་ཡག་པོ་བྱེད་ཀྱི་ཡིན་ཟེར་ནས་བོད་ཀྱི་གནས་ཚུལ་དེ་རྩ་བ་ཉིད་ནས་མ་གླེང་བ་བྱས་ཏེ་དེ་དང་མཉམ་དུ་བོད་ནང་ལ་རྒྱ་ནག་གཞུང་གི་སྲིད་ཇུས་ག་རེ་འཛིན་ཡོད་ཞུས་ན། བོད་ནང་ལ་དཀའ་ངལ་ཞིག་འཕྲད་ཡོང་པ་མཐོང་ནས་གཙོ་ཆེ་ཤོས་དེ་དུས་ཀྱི་སྲིད་ཇུས་འདི་བོད་པ་ལ་ཏོག་ཙམ་གུ་ཡངས་དང་བསླུ་ཁྲིད་བྱས་ཏེ་བོད་པ་དེ་ཚོ་ཚུར་སེམས་འགུག་ཐུབ་པའི་བསམ་བློ་བཏང་ཡོད། དེ་ནས་༡༩༨༧ལོ་དང་༡༩༨༩ལོར་བོད་ནང་ཟིང་ཆ་ལངས་པ་སོགས་བྱུང་ནས་ཏེང་ཞའོ་ཕིང་སེམས་ཤུགས་ཆག་པ་དང་། སྔོན་མ་ཁོ་རང་ཚོས་བོད་དེ་ཏག་ཏག་བཟོས་ཚར་བ་ཡིན་བསམ་པ་དེ་བྱུང་མེད་པར། བོད་མི་རིགས་ཀྱི་འདོད་པ་ཁེངས་མེད་པ་དང་བོད་མི་རིགས་ཀྱི་ངོ་རྒོལ་ཆེན་པོ་ཡོད་པ། མ་འདོད་པ་ཤུགས་ཆེན་པོ་ཡོད་པ། སོ་སོའི་རྒྱལ་ཁབ་ཀྱི་རང་དབང་རྩོད་ལེན་གྱི་འདོད་པ་ཤུགས་ཆེན་པོ་ཡོད་པ་དེ་ཚོ་མངོན་གསལ་དོད་པོ་ཞིག་མཐོང་ནས་ཏེང་ཞའོ་ཕིང་གིས་བོད་ཀྱི་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན་ཟེར་བ་དེ་རིམ་པས་དེ་འདྲ་ཆགས་པ་རེད། དེ་ནི་ཏེང་ཞའོ་ཕིང་སྐབས་ཀྱི་གནས་སྟངས་རེད།
བོད་མི་རིགས་རྩ་མེད་དང་མི་རིགས་གཞན་བསྒྱུར་གྱི་དམིགས་ཡུལ་འདི་ཐོག་མར་བོད་ལ་བཙན་འཛུལ་བྱས་པའི་སྐབས་ནས་ཡོད་པ་ཞིག་དང་། དམིགས་ཡུལ་འདི་འགྲུབ་ཆེད་གཏན་འབེབས་བྱས་པའི་སྲིད་ཇུས་བོད་ཀྱི་སྤྱི་ཚོགས་ནང་ལག་བསྟར་བྱས་པའི་བརྒྱུད་རིམ་ནང་བོད་སྐྱོར་ལས་བྱེད་པ་ཟེར་བའི་རྒྱ་མི་རིགས་བོད་ནང་མངགས་གཏོང་བྱེད་འགོ་བཙུགས་པ་དང་བོད་པའི་ཕྲུ་གུ་ཕ་མ་དང་ཁྱིམ་ཚང་ནས་ཁ་བྲལ་ཏེ་རྒྱ་ནག་ནང་མངགས་གཏོང་བྱེད་འགོ་བཙུགས་པ་འདི་ཡང་ཏེང་ཞའོ་ཕིང་གི་དབང་བསྒྱུར་སྐབས་ནས་ཐོག་མར་གོམ་པ་སྤོས་པ་ཞིག་ཆགས་ཡོད། སངས་རྒྱས་སྐབས་ལགས་ཀྱིས་གསུངས་པར།
དམར་ཤོག་བཙུགས་པ་ནས་བཟུང་གྲངས་ཉུང་མི་རིགས་རྩ་མེད་བཟོ་རྒྱུ་འདི་གཏན་འབེབས་བྱས་ཚར་པ་རེད།
དེའི་སྐབས་སུ་གཙོ་བོ་དེ་དཔའ་འབྱོར་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་དེ་དང་མཉམ་དུ་སློབ་གསོ་ཡར་རྒྱས་གཏོང་རྒྱུའི་གནས་ཚུལ་འདི་བཏོན་དགོས་ཀྱི་ཡོད་ལ། དཔལ་འབྱོར་ཡར་རྒྱས་འགྲོ་དགོས་ན་སློབ་གསོ་དགོས་ཀྱི་ཡོད་རེད་སློབ་གསོ་ལ་རྒྱ་ཡིག་ཐོག་ནས་སློབ་གསོ་ཤུགས་ཆེན་པོ་སྤྲད་ནས་ཡོད་རེད། བོད་ཀྱི་ས་ཆ་དང་གྲངས་ཉུང་མི་རིགས་ཀྱི་ས་ཆ་དེ་ཚོ་ལ་སོ་སོའི་སྐད་ཡིག་བདེ་སྤྱོད་བྱེད་ཀྱི་ཡོད་པ་རེད་མ་གཏོགས་དེ་འདྲའི་གོ་སྐབས་འཛིན་ནས་རྒྱ་ནག་གི་སློབ་གསོ་ཡར་རྒྱས་བཏང་གི་ཡོད་ཟེར་ནས་རྒྱ་ནག་ལ་སློབ་གྲྭ་བཙུགས་ཏེ་བོད་ནས་བོད་ཕྲུག་ཆུང་ཆུང་མང་པོ་རྒྱ་ནག་ནང་ཁྲིད་དེ་བོད་ཀྱི་སྤྱི་ཚོགས་དང་ཁ་བྲལ་ནས་སློབ་གསོ་སྤྲད་པ་དང་དེ་རྒྱ་བསྒྱུར་གྱི་སྲིད་ཇུས་གལ་ཆེ་ཞིག་དང་། དེ་གཅིག་པུ་མ་ཡིན་པར་བོད་ཀྱི་ཡུལ་རང་ལ་ཡང་སློབ་གྲྭ་དེ་འདྲ་བཙུགས་ནས་དེའི་ནང་ལ་རྒྱ་ཡིག་སློབ་ཁྲིད་ཤུགས་ཆེན་པོ་བྱས་པ་དང་རྒྱ་ཡིག་གི་སློབ་གྲྭ་དེ་འདྲ་མང་པོ་བཙུགས་ཡོད་ལ། དེ་གཞིན་ཞིང་ཆེན་སོ་སོའི་ནང་ལ་རྒྱ་ཡིག་རང་གི་སློབ་གྲྭ་ཆེན་པོ་དེ་འདྲ་མང་པོ་བཙུགས་པ་དང་། ལྷག་པར་དུ་མདོ་སྟོད་སྨད་ཀྱི་གྲོང་སྡེའི་སློབ་གྲྭ་ཆུང་ཆུང་དེ་ཚོའི་ནང་ལ་རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭ་དེ་ཚོའི་ནང་ལ་མཐུན་རྐྱེན་ཡར་རྒྱས་བཏང་དུས་བོད་པའི་ཕ་མས་ཕུགས་རྒྱང་རིང་པོའི་བསམ་བློ་མ་བཏང་བར་བུ་ཕྲུག་སློབ་གྲྭ་དེ་ཚོར་བཏང་ཡོད། ཏེང་ཞའོ་ཕིང་གི་སྐབས་སུ་མངོན་གསལ་དོད་པོས་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་སྤེལ་མེད་པ་དེ་ནི་རྒྱལ་སྤྱིའི་སྟེང་ལ་ཧ་ཅང་གུ་ཡངས་པོ་ཡིན་པ་དང་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་འདི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་ཡོད། དེའི་སྐབས་སུ་ཁོ་རང་ཚོའི་སྲིད་ཇུས་འདི་ཡོངས་བསྒྲགས་མ་ཡིན་པར་མངོན་གསལ་དོད་པོ་མེད་པའི་ཐོག་ནས་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་འདི་སྤེལ་ཡོད།
ཏེང་ཞའོ་ཕིང་གིས་རྒྱ་ནག་དམར་ཤོག་གཞུང་འདིའི་དབང་འཛིན་པ་བྱས་པའི་སྐབས་སུ་མའོ་ཡི་ཆབ་སྲིད་ལས་འགུལ་འདྲ་མིན་ཁྲོད་ནས་རྒྱ་ནག་མི་དམངས་ཡིད་ཐང་ཆད་དེ་ཏེང་ཞའོ་ཕིང་ལ་རེ་བ་བཅངས་པའི་དུས་ཤིག་འཁེལ་ཡོད་ལ། བོད་ལ་མཚོན་ན་ཆོས་དང་རིག་གཞུང་སོགས་གང་གི་ཐོག་ནས་ཐུན་མོང་གི་གྲུབ་ཆ་མེད་པའི་ལྷ་མེད་སྨྲ་བའི་གཞུང་འདིའི་འོག་གཞི་ནས་གུ་ཡངས་ཀྱི་རྣམ་པའམ་སྲིད་ཇུས་ལྷུག་གཏོང་གི་རྣམ་པ་ཐོན་པ་འདི་ཡང་བསླུ་ཁྲིད་ཀྱི་སྲིད་ཇུས་ཤིག་ཡིན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་འདུག
ཁོང་ཚོས་བོད་མི་རིགས་དེ་བསླུ་ཁྲིད་བྱས་པ་དང་བོད་མི་རིགས་ལ་ཁེ་བཟང་སྤྲད། བྱམས་པོ་བྱས་ན་བོད་མི་རིགས་ཀྱིས་གུང་བྲན་དམར་ཤོག་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་ཞེན་ཡོང་བའི་རེ་བ་བཅངས་ཡོད། དེའི་སྐབས་དཔེར་ན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་ཧ་ལས་པའི་ཕྱག་ལས་མང་པོ་གནང་ཐུབ་པ་བྱུང་ཡོད། གང་ཡིན་ཞེ་ན། པཎ་ཆེན་རིན་པོ་ཆེ་བེད་སྤྱོད་བཏང་ནས་བོད་པ་ཚོའི་སེམས་འགུག་ཐབས་བྱས་པ་དང་། དེ་ནང་བཞིན་ང་ཕོད་ངག་དབང་འཇིགས་མེད་ནམ་རྒྱུན་བློ་ཁོག་མེད་ན་ཡང་དེ་དུས་བློ་ཁོག་ཆེན་པོས་བོད་ཀྱི་ཁེ་ཕན་ཆེད་ཕྱག་ལས་གནང་ཐུབ་པ་དེ་ཚོ་ནི་ཁོར་ཡུག་ཅིག་ཡོད་པ་དེས་ཕྱག་ལས་གནང་ཐུབ་ཀྱི་ཡོད། མཐའ་མའི་དམིགས་ཡུལ་ནི་བོད་མི་རིགས་རྩ་མེད་བཟོ་རྒྱུ་འདི་ཡིན་པ་དང་། འོན་ཀྱང་སྐབས་དེ་དུས་ལོ་བཅུ་ཉི་ཤུའི་ནང་གི་ཁོང་ཚོའི་སྲིད་ཇུས་འདི་ནི་བོད་པ་བསླུ་ཁྲིད་བྱས་ནས་བོད་པའི་སེམས་འགུག་བྱ་རྒྱུ་འདི་དམིགས་ཡུལ་གཙོ་བོ་བྱས་ཡོད། གང་ཡིན་ཞེ་ན། སྐུ་ཚབ་ཚོགས་པ་ཕེབས་ནས་བོད་པའི་སེམས་ནང་འདོད་པ་ཁེངས་མེད་པ་དང་། ཏཱ་ལའི་བླ་མ་དང་བོད་རྙིང་པར་ཁོང་ཚོ་སད་དུང་རེ་བ་རྒྱབ་བཞིན་ཡོད་པ་དེ་ནི་སྔོན་མ་དཔལ་འབྱོར་ཡག་པོ་མ་ཆགས་པ་དང་འཛུགས་སྐྲུན་ཡག་པོ་བྱུང་མེད་པ། མི་དམངས་ཀྱི་འཚོ་བ་ཡག་པོ་བྱུང་མེད་པ་ཡིན་ཙང་དེ་འདྲ་བྱུང་བར་ངོས་འཛིན་བྱས་ཤིང་། གལ་སྲིད་ཁོང་ཚོའི་འདོད་བློ་ཁེངས་ན་དམར་ཤོག་གུང་བྲན་ཚོགས་པར་དགའ་པོ་དང་རྒྱལ་ཁབ་ལ་དགའ་ཞེན་སླེབས་རྒྱུ་དང་སེམས་པ་ཚུར་འགུག་ཐུབ་ཀྱི་རེད་བསམ་པའི་རེ་བ་བརྒྱབ་ཡོད་ན་ཡང་རེ་བ་འདི་༡༩༨༧ལོ་དང་༡༩༨༨ལོ། ༡༩༨༩ལོ་སོགས་ལ་བོད་མིས་ངོ་རྒོལ་བྱས་ནས་དེ་ནས་བཟུང་ཁོང་ཚོས་བོད་ཀྱི་སྤྱི་ཚོགས་ནང་ལ་བོད་མིས་རང་དབང་རང་བཙན་རྩོད་ལེན་བྱེད་པའི་ཆབ་སྲིད་ཀྱི་ལྟ་བ་ཞིག་ཡོད་པ་དེ་གསལ་པོ་ཤེས་པ་རེད། དེའི་རྐྱེན་གྱིས་ཁོང་ཚོས་སྲིད་ཇུས་དེ་རིམ་པས་འགྱུར་བ་གཏོང་རྒྱུ་འགོ་འཛུགས་པ་རེད།
མདོར་ན་ཏེང་ཞའོ་ཕིང་གིས་རྒྱ་ནག་དམར་ཤོག་གཞུང་འདིའི་ཆེས་མཐོའི་དབང་འཛིན་པ་བྱས་པའི་སྐབས་སུ་བོད་ལ་འཛིན་པའི་སྲིད་ཇུས་འདི་མའོ་ཡི་སྐབས་དང་མི་འདྲ་བར་ཅུང་གུ་ཡངས་བྱུང་ཡོད་ན་ཡང་བོད་ཐོག་འཛིན་པའི་སྲིད་ཇུས་ཐད་རྒྱ་ནག་གཞུང་གི་དགོས་མཁོར་དམིགས་ཏེ་འགྱུར་བ་ཕྲན་བུ་ཕྱིན་པ་ལས་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་ཕྱིན་མེད་པ་དང་། ལྷག་པར་དུ་༡༩༥༩ལོར་དམག་དོན་དམ་བསྒྲགས་བྱས་པའི་རྗེས་སུ་བསྐྱར་དུ་༡༩༨༩ལོའི་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་གྱི་དམ་བསྒྲགས་བཀའ་རྒྱ་བཏང་སྟེ་བོད་མིའི་ཁྲོད་དཀའ་ངལ་ཆེན་པོ་བྱུང་ཡོད།
*རྒྱ་ནག་དམར་ཤོག་གཞུང་གི་འདས་པའི་ལོ་ངོ་ ༧༥ ནང་བོད་ལ་དབང་བསྒྱུར་བྱས་པ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག མའོ་ཙེ་ཏུང་གི་དུས་སྐབས། ཏེང་ཞའོ་ཕིང་གི་དུས་སྐབས། ཅང་ཙེ་མིན་གྱི་དུས་སྐབས། ཧུའུ་ཇིང་ཐའོ་ཡི་དུས་སྐབས། ཞི་ཅིན་ཕིང་གི་དུས་སྐབས།
གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།