སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དབྱིན་ཡུལ་དང་སུད་ཝེ་ཌན་གྱི་སྲིད་བློན་གསར་བར་འཚམས་འདྲི་གནང་འདུག

2022.10.27
སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དབྱིན་ཡུལ་དང་སུད་ཝེ་ཌན་གྱི་སྲིད་བློན་གསར་བར་འཚམས་འདྲི་གནང་འདུག དབྱིན་ཡུལ་དང་སུད་ཝེ་ཌན་གྱི་སྲིད་བློན་གཉིས།
སྒྲིག་བཟོ།/ AP

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དབྱིན་ཡུལ་དང་སུད་ཝེ་ཌན་ཡུལ་གཉིས་ཀྱི་སྲིད་བློན་གསར་པར་འཚམས་འདྲི་དང་མཉམ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
འདི་ཚེས་༢༤ཉིན་དབྱིན་ཡུལ་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པ་(Conservative Party)་འགོ་ཁྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་(Rishi Sunak)་ལགས་སུ་ཡུལ་དེའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཡོད་སྟབས། ཚེས༢༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འཚམས་འདྲི་གནང་འདུག འཚམས་འཕྲིན་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དབྱིན་ཡུལ་གྱི་སྲིད་བློན་དུ་གསར་བདམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། བོད་དང་དབྱིན་ཡུལ་བར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་ཅིང་། ལྷག་པར་ཕྱི་ལོ་༡༩༦༠ཙམ་ནས་བཟུང་དབྱིན་ཡུལ་དུ་བོད་མི་མང་དག་གནས་སྤོས་དང་། རྗེས་སོར་དབྱིན་ཡུལ་གཞུང་དང་ང་ཚོའི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་ཞི་བདེར་དགའ་བའི་དབྱིན་ཡུལ་མི་མང་ནས་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། སྲིད་བློན་གསར་པས་དབྱིན་ཡུལ་གཞུང་དམངས་ཀྱི་བདེ་སྡུག་སླད་འབྱུང་འགྱུར་ཕྱག་ལས་གནང་སྐབས་བོད་དོན་སྐོར་གླེང་སློང་དང་། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་དབང་གནོན་མཚམས་འཇོག་ཡོང་བར་ཕན་གྲོགས་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དགའ་བསུའི་འཚམས་འདྲི་དང་མཉམ། དབྱིན་ཡུལ་གཞུང་དམངས་གཉིས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་གཡོ་བ་མེད་པར་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་ཞོར། སྲིད་བློན་མཆོག་གི་དབུ་ཁྲིད་འོག་དབྱིན་ཡུལ་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་རེ་སེམས་འཆང་བཞིན་ཡོད་པ་བཅས་འཁོད་འདུག
གཞན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སུད་ཝེ་ཌན་(Sweden)་གྱི་སྲིད་བློན་གསར་པ་སྐུ་ཞབས་(Ulf Kristersson)་ལགས་སུ་འཚམས་འདྲི་དང་མཉམ། ངོས་རང་ཟླ་བ་འདིའི་ནང་སུད་ཝེ་ཌན་དུ་འཁྱུག་ཙམ་རིང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ་དེ་ནི་ཁོ་བོ་སུད་ཝེ་ཌན་དུ་བསྐྱོད་པ་ཐོག་མ་དེ་དྲན་གསོ་འོས་པ་ཞིག་ཏུ་གྱུར་སོང་། སྐབས་དེར་གུས་པར་སྣེ་ལེན་གཟབ་རྒྱས་གནང་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་།
སྐུ་ཉིད་ཀྱི་རྒྱལ་ཁབ་དང་མི་མང་ནས་ང་ཚོར་རྒྱུན་རིང་རྒྱབ་སྐྱོར་གཡོ་མེད་གནང་བར་བཀའ་དྲིན་ཆེན་པོ་ཡིན། བོད་དང་བོད་མིར་དཀའ་ངལ་ཆེ་བའི་དུས་སྐབས་འདིར་བོད་ནང་དྲག་གནོན་འཚམས་འཇོག་ཆེད་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ང་ཚོར་མུ་མཐུད་རྒྱབ་སྐྱོར་དགོས་མཁོ་ཧ་ཅང་ཆེ། སྐུ་ཉིད་ཀྱིས་མཛད་འགན་བཞེས་རིང་སུད་ཝེ་ཌན་གྱིས་བོད་བརྗེད་མེད་པའི་བརྡ་ལན་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པར་འགན་འཁུར་འཇུག་རྒྱུར་ནན་བརྗོད་གནང་སྐྱོང་ཡོང་བའི་རེ་ལྟོས་བྱེད་ཀྱི་ཡོད། ཅེས་འཁོད་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎