ཧོང་ཀོང་ཐོག་ཁྲིམས་འཆར་དེ་རྒྱ་ནག་གིས་ཁས་ལེན་བྱས་པ་དང་ཡོངས་སུ་འགལ་བ་རེད།
རྒྱ་ནག་གིས་ཧོང་ཀོང་ཐོག་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ནི་ཧོང་ཀོང་གི་རང་དབང་མེད་པ་ཆགས་སྲིད་པའི་དྲིལ་བརྡ་ཞིག་ཡིན།
-
2020-05-23 -
-
-
Your browser doesn’t support HTML5 audio
རྒྱ་ནག་གིས་ཧོང་ཀོང་ཐོག་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ནི་ཧོང་ཀོང་གི་རང་དབང་མེད་པ་ཆགས་སྲིད་པའི་དྲིལ་བརྡ་ཞིག་ཡིན་པ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཁ་སང་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་གསུངས་བཞག
དེ་ཡང་ཨ་རིའི་རང་དབང་ཁང་པའི་གཙོ་འཛིན་སྐུ་ཞབས་Michael J Abramowitz ཡིས་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གོ་སྐབས་དེ་བཟུང་ནས་རྒྱ་ནག་གིས་ཧོང་ཀོང་ཐོག་སྟངས་འཛིན་ནན་པོ་བྱ་རྒྱུའི་ཁྲིམས་གཞི་གཏན་འབེབས་བྱེད་བཞིན་པ་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིར་ཧོང་ཀོང་ཐད་ཁས་ལེན་བྱས་པ་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཞིག་རེད་ཅེས་གསུངས་བཞག དེ་བཞིན་ཁོང་གིས་རྒྱ་ནག་གི་དབུ་ཁྲིད་ཚོས་ཧོང་ཀོང་གི་གྲོས་ཚོགས་ལ་བརྩི་མེད་ཀྱིས་དྲག་གནོན་གྱི་ཁྲིམས་གཞི་གཏན་འབེབས་བྱ་འཆར་དེ་ནི་ཧོང་ཀོང་ས་གནས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་ཀྱིས་དོན་དམ་རྙོག་དྲར་འཚུད་པའི་བྱ་སྤྱོད་ཞིག་རེད་ཅེས་འགྲེལ་བརྗོད་གནང་བཞག
ཡང་ཨ་རིའི་རང་དབང་ཁང་པས་སྤེལ་བའི་སྤྱི་བསྒྲགས་དེའི་ནང་། རྒྱ་ནག་གིས་ཧོང་ཀོང་ཐོག་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་དང་། དངོས་སུ་ལག་བལྟར་བྱས་པའི་ཉིན་མོ་ནས་བཟུང་ཕྱི་ལོ་༡༩༩༧ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཧོང་ཀོང་གི་རང་དབང་གནས་འབབ་དེ་མཇུག་བསྒྲིལ་གྱི་རེད་ཅེས་གསུངས་བཞག
དེ་བཞིན་སྤྱི་བསྒྲགས་དེའི་ནང་ཁྲིམས་འཆར་དེས་ཧོང་ཀོང་གི་མང་གཙོར་རྩོད་ལེན་བྱེད་མཁན་དང་། མི་མང་གི་ལས་འགུལ། གསར་འགོད་པ། དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་གྲངས་ཉུང་ཁ་ཆེའི་མི་རིགས་དང་། ཕ་ལུང་ཀུང་ཆོས་དད་པ། ཡེ་ཤུའི་རྗེས་འབྲང་པ་སོགས་ལ་ཁྲིམས་གཏུགས་བྱེད་བཞིན་པ་ལྟར། ཧོང་ཀོང་ནང་ཡོད་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་ལའང་ཁྲིམས་འཆར་གསར་པ་དེས་དེ་ལྟར་དཀའ་ངལ་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་གསུངས་བཞག།