ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་གིས་བོད་དོན་རྒྱབ་སྐྱོར་གནང་བ།
2009.03.18
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱིས་ཡོ་རོབ་ཀྱི་རྒྱལ་ས་སྦ་ར་སེལ་སི་གི་ནང་བོད་ཀྱི་རྩ་དོན་ཆེད་དུས་ཚོད་ངེས་མེད་ཀྱི་བར་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པར་ཁ་ས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་ཁོང་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་བར་ཕེབས་ཡོད་འདུག
བོད་མིའི་ཟས་བཅད་ངོ་རྒོལ་ལ་རྒྱབ་སྐྱོར་གནང་བར་ཕེབས་མཁན་གཅིག་ནི་ཨོ་སི་ཏྲི་ཡ་ཡུལ་གྱི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཨེ་ལྦ་ལིཀ་ཀྲེན་སྦར་གར་དང་ཨི་ཊ་ལི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་མའར་ཁོ་པ་ནེ་ལ་དང་མའར་ཁོ་ཁ་པ་ཊོ་བཅས་གསུམ་ཡིན་འདུག
ཨོ་སི་ཏྲི་ཡ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨེ་ལྦ་ལིཀ་ཀྲེན་སྦར་གར་ནས་ཟས་བཅད་ངོ་རྒོལ་གནང་མཁན་ཚོ་ཁ་ས་སྔ་དྲོ་ཐུག་འཕྲད་དུ་ཕེབས་ཡོད་པ་དང་སྐབས་དེར་ཁོང་གིས་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་དང་བོད་མི་ཡོངས་ཀྱི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ཅེས་དང་ཁོང་ནས་གོ་སྐབས་གང་ཡོད་བེད་སྤྱོད་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་འཚོལ་ཞིབ་ཞུ་ཡི་ཡིན་ཞེས་ཞལ་བཞེས་ཟབ་མོ་གནང་ཡོད་པ་དང་ཕྱོགས་མཚུངས་ཨི་ཊ་ལི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་མའར་ཁོ་པ་ནེ་ལ་དང་མའར་ཁོ་ཁ་པ་ཊོ་རྣམ་གཉིས་ཀྱིས་ཀྱང་ཟས་བཅད་ངོ་རྒོལ་གནང་མཁན་བོད་རིགས་ན་གཞོན་གསུམ་གྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་ང་ཚོས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཞུ་ཡི་ཡོད་ལ་བོད་མིའི་ཞི་བའི་འཐབ་རྩོད་དེ་ནི་བོད་མི་རྐྱང་པའི་འཐབ་རྩོད་ཅིག་མིན་པར་དེ་ནི་སྐྱེ་འགྲོ་སྤྱི་ལ་ཕན་པའི་འཐབ་རྩོད་ཅིག་ཡིན་པ་དང་དེར་ང་ཚོ་རྒྱུན་དུ་ནས་མཉམ་དུ་ཡོད་ཅེས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཞིག་གསལ་སྟོན་གནང་ཡོད་འདུག
གཞན་ཡང་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་གཟིགས་རྟོགས་ཆེད་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུས་ལགས་དང་དེ་བཞིན་ཡོ་རོབ་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱི་འཐུས་མི་ཁག་ཅིག་ཀྱང་ཕེབས་ཡོད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱི་དུས་ཚོད་ངེས་མེད་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ནས་འགོ་བཙུགས་ཡོད་པ་དང་ཁོང་རྣམས་ད་རིང་གི་བར་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་བརྒྱད་འགྲོ་ཡི་ཡོད་པ་རེད༎