རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་བྲག་འགོ་དགོན་པའི་སློབ་གྲྭའི་ཁང་པ་བཤིག་དགོས་བྱུང་འདུག

2021.11.05
རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་བྲག་འགོ་དགོན་པའི་སློབ་གྲྭའི་ཁང་པ་བཤིག་དགོས་བྱུང་འདུག རྒྱ་ནག་གཞུང་གིས་བྲག་འགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭར་འཛུགས་བསྐྲུན་གྱི་ཡིག་ཆ་ཚད་ལྡན་མེད་ཚུལ་བཤད་ནས་བཙན་བཀའ་བཏང་བར་བརྟེན་སློབ་གྲྭའི་ཁང་པ་བཤིག་དགོས་བྱུང་བའི་སྐབས། ༡༠།༢༠༢༡
@སྐལ་བཟང་ནོར་བུ།

རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་༡༠་བའི་ཟླ་མཇུག་ཙམ་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་དགེ་ལྡན་ནང་བསྟན་སློབ་གྲྭར་འཛུགས་བསྐྲུན་གྱི་ཡིག་ཆ་ཚད་ལྡན་མེད་སྐོར་བརྗོད་ནས། ཉིན་གསུམ་ཙམ་གྱི་ནང་དགོན་པའི་སློབ་གྲྭའི་ཁང་པ་རྣམས་བཤིག་དགོས་པ་དང་། གལ་སྲིད། མ་བཤིག་པ་ཡིན་ན་ས་གནས་གཞུང་གིས་འཕྲུལ་འཁོར་བཏང་ནས་གཏོར་བཤིག་གཏོང་རྒྱུ་དང་། སློབ་གྲྭའི་ཁང་པའི་ཤིང་ཆ་ཚང་མ་གཞུང་བཞེས་དང་རྩ་མེད་དུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟབས། དགོན་པའི་མི་སྣ་དང་ས་གནས་ཀྱི་བོད་མི་ཚོའི་རོགས་འདེགས་འོག་དགོན་པའི་སློབ་གྲྭ་རྩ་གཏོར་བཏང་དགོས་བྱུང་ཡོད་སྐོར་བཙན་བྱོལ་ནང་ཡོད་པ་སྐལ་བཟང་ནོར་བུ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྐལ་བཟང་ནོར་བུ་ལགས་ཀྱིས་མུ་མཐུད་དུ་གསུངས་ན། བྲག་འགོ་ས་གནས་སུ་གནས་ཚུལ་དེའི་ཐད་རྒྱ་ནག་གི་ས་ཁང་སྒྲིག་གཞི་མི་མང་གི་ཤེས་རྟོགས་འོག་མ་སྐུལ་དྭང་ལངས་གི་ཐོག་ནས་རང་གི་ཁང་པ་བཤིག་པ་ལས་སློབ་གྲྭ་གཤིག་ཡོད་པའི་གནས་ཚུལ་གསལ་ཁ་བཏོན་གྱི་མེད་པར་འཁྱོག་བཤད་བྱས་ཡོད་པ་རེད་འདུག
སྤྱིར་སྟངས་ཡིག་ཆ་ཚད་ལྡན་མེད་པར་ཁང་པ་གསར་རྒྱག་ཆོག་གི་མེད་པ་ལྟར། རྒྱ་ནག་གཞུང་གིས་བྲག་འགོ་དགོན་པའི་སློབ་གྲྭ་འཛུགས་བསྐྲུན་གྱི་ཡིག་ཆ་ཚད་ལྡན་པ་ཁ་གཡར་བ་ལས་དོན་དུ་བོད་པའི་ཆོས་དང་རིག་གཞུང་གི་བསྟི་གནས་རྩ་གཏོར་གཏོང་རྒྱུའི་འཆར་གཞིའི་འོག་བོད་མི་ཚོར་བཙན་དབང་གཏང་བ་གནས་ཚུལ་ངོ་སྤྲོད་པས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་སྤྱི་དང་། ཁྱད་པར་བྲག་འགོ་ཁུལ་དུ་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་དྲག་ཚོད་འཛིན་བྱེད་བཞིན་པར་བརྟེན། ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱ་རྒྱུར་དཀའ་ངལ་ཕྲད་བཞིན་ཡོད་པ་ལྟར། ད་ལྟ་བྲག་འགོ་དགོན་པའི་སློབ་གྲ་བཤིག་ཚར་བའི་རྗེས་སུ་དགེ་འདུན་པ་ཁག་གཅིག་དགོན་པར་བཞུགས་པ་དང་ཁག་གཅིག་རང་ཁྱིམ་དུ་ལོག་པའི་ཚོད་རྩིས་བྱ་རྒྱུ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་་སྐོར་གནས་ཚུལ་ངོ་སྤྲོད་པས་གསུང་བྱུང་།

བྲག་འགོ.jpeg
དེ་སྔོན་བྲག་འགོ་དགོན་པའི་སློབ་གྲའི་ཕྱི་ནང་འཛུགས་བསྐྲུན་གྱི་གནས་སྟངས་ཞེན་པོ་ཡོད་པའི་རྐྱེན་གྱི་དགོན་པའི་ངོས་ནས་ཕྱི་ལོ་༢༠༡༤་ཙམ་ལ་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲ་ཞེས་པ་གསར་རྒྱག་གནང་རྒྱུ་དབུ་བཙུགས་པ་དང་། ཕྱི་ལོ་༢༠༡༨་ཙམ་ལ་སློབ་གྲ་དེའི་ཕྱི་ནང་འཛུགས་བསྐྲུན་ལེགས་འགྲུབ་ཀྱིས་སློབ་འཁྲིད་གནང་འགོ་ཚུགས་ཡོད་ཀྱང་། དེའི་བར་ལ་རྒྱ་ནག་གཞུང་གིས་བོད་ནང་རང་ལོ་༡༨་མན་ཆད་རབ་བྱུང་དུ་ཞུགས་མི་ཆོག་པའི་སྒྲིག་གཞི་གསལ་བསྒྲགས་བྱས་པ་ལྟར་བྲག་འགོ་དགོན་པའི་སློབ་གྲའི་ལོ་ཆུང་དགེ་འདུན་པ་༢༠་ཙམ་སྒྲིག་གཞི་འོག་ཕྱིར་ཕུད་བཏང་ཡོད་པ་དང་། སློབ་གྲ་དེའི་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་སློབ་སྦྱོང་གནང་བཞིན་པ་དང་ད་ཆ་རྒྱ་ནག་གཞུང་གི་བཙན་བཀའ་འོག་སློབ་གྲྭ་དེ་བཞིན་ལོ་གསུམ་ལས་འཛིན་སྐྱོང་གནང་མ་ཐུབ་པར་བཤིག་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎