༧གོང་ས་མཆོག་གིས་ཐེ་ཝན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་རེས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་སྲིད་འཛིན་(Lai Ching-te)་ལགས་སུ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་(Lai Ching-te)་ལགས། སྒྲིག་བཟོ། / OHHDL /AFP

དེ་ཡང་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ནས་ཚོགས་པ་དེའི་དབུ་ཁྲིད་(Lai Ching-te)་ལགས་ཐེ་ཝན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད།
ཕྱི་ཚེས་༡༤ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲིའི་གསུངས་འཕྲིན་སྩལ་བའི་ནང་། ད་རེས་ཐེ་ཝན་ནང་མང་གཙོའི་ལམ་ནས་བསྡུས་བའི་འོས་བསྡུ་དེས་རང་དབང་དང་ཆེ་མཐོང་གིས་འཚོ་འདོད་མཁན་ཡོངས་ལ་སྙིང་སྟོབས་ཀྱི་སྐྱེས་གཞི་ཆགས་ཡོད།
༧གོང་ས་མཆོག་དེ་སྔོན་ཐེ་ཝན་དུ་ཆིབས་བསྒྱུར་མཛད་སྐབས། ཁུལ་དེའི་མི་མང་གིས་མགོན་པོ་༧གང་ཉིད་ལ་ཕེབས་བསུ་སྣེ་ལེན་ཞུས་པ་དྲན་གསོ་དང་ཆབས་ཅིག སྐབས་དེར་ཐེ་ཝན་མི་མང་གིས་མང་གཙོའི་ལམ་ལུགས་བརྟན་པོ་ཞིག་དར་སྤེལ་བཏང་ཡོད་པ་དང་། མང་གཙོའི་ལམ་ལུགས་དེའི་རྩ་བ་བརྟན་པོ་ཚུགས་ཡོད་པ་མཐོང་བྱུང་། ཐེ་ཝན་གྱིས་དཔལ་འབྱོར་དང་ཤེས་ཡོན་གྱི་ཐད་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་བའི་ཁར། ད་དུང་སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པ་དེ་རྒྱུན་འཛིན་བྱས་ཡོད་ཅེས་བསྔགས་བརྗོད་དང་།
ད་དུང་༧གོང་ས་མཆོག་གིས། ཐེ་ཝན་གྱི་ནང་པ་རྣམས་ཀྱིས་སངས་རྒྱས་པའི་ཆོས་ལ་དད་གུས་ཆེན་པོ་ཞུ་བཞིན་པར་ཡི་རངས་མཛད་ཀྱི་ཡོད། མགོན་པོ་༧གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། ཐེ་ཝན་གྱི་དད་ལྡན་མི་མང་གི་རེ་འདུན་ལྟར་དུས་ནས་དུས་སུ་ཆོས་འབྲེལ་དང་ནང་སེམས་ཀྱི་ལམ་སྟོན་གང་ཐུབ་སྩལ་རྒྱུ་ཡིན། ཐེ་ཝན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་འབྲེལ་ལམ་བཟང་པོ་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཞིག་ཡིན་ལ། ས་གནས་དང་། རྒྱལ་ཁབ། རྒྱལ་སྤྱིའི་རིམ་པ་བཅས་གང་ཡིན་རུང་། དཀའ་རྙོག་གི་གནད་དོན་རྣམས་སེལ་བའི་ཐབས་ལམ་ཡག་ཤོས་ནི་གྲོས་མོལ་ལ་ཞུགས་རྒྱུ་དེ་ཡིན་པ་ངོས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། མཐར་ཐེ་ཝན་མི་མང་གི་རེ་བ་དང་མངོན་འདོད་འགེགས་མེད་དུ་སྒྲུབ་ཐུབ་པའི་ཐུགས་སྨོན་དང་བཅས་གསུངས་འཕྲིན་བསྩལ་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་བཅས་ཀྱིས། ད་རེས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་སྲིད་འཛིན་(Lai Ching-te)་རྒྱལ་ལགས་སུ་འཚམས་འདྲི་ཞུས་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org