ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་གསར་པ་སྐུ་ཞབས་Lai Ching-te ལ་འཚམས་འདྲི།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ཨ་རི་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་གཙོ་འཛིན་མཆོག ཉི་ཧོང་གཞུང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་བདམས་ཐོན་ཐེ་ཝན་གྱི་སྲིད་འཛིན་སྐུ་ཞབས་Lai Ching-te ལ་འཚམས་འདྲི་དང་ཐེ་ཝན་གྱི་དམངས་གཙོའི་འོས་བསྡུའི་ལས་དོན་ལེགས་གྲུབ་བྱུར་བར་དགའ་བསུ་ཞུས་འདུག
ཕྱི་ཟླ་དང་པོའི་ཚེས་༡༣ རེས་གཟའ་སྤེན་པའི་ཉིན་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ཐོན་ཏེ་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་སྐུ་ཞབས་Lai Ching-Te ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཐོན་མ་ཐག་དབུས་བོད་མིའི་སྒྲིག་འཛུགས་སྤེན་པ་ཚེ་རིང་མཆོག་གིས། X སྤྱི་ཚོགས་དྲ་ལམ་ཐོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་Lai Ching-te ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད། བཙན་བྱོལ་ནང་གི་བོད་མི་ཚོས་དམངས་གཙོའི་རིང་ལུགས་ལག་བསྟར་བྱེད་བཞིན་པ་ལྟར། ཐེ་ཝན་མི་དམངས་ཀྱིས་རང་ཐག་རང་གཅོད་ཀྱི་ཐག་གཅོད་བྱེད་པའི་དམངས་གཙོའི་ལམ་ལུགས་ལ་བོད་མི་རྣམས་ཀྱིས་ཧ་ཅང་གི་ཡིད་སྨོན་དང་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད། ང་ཚོའི་མི་མང་གི་ཐུན་མོང་གི་འབྲེལ་བ་དམ་ཟབ་བྱ་འདོད་ཡོད་ཅེས་གསུངས་འདུག།
ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Antony Blanken མཆོག་གི་མཚན་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་གསར་པ་དང་། ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་ནུས་པ་གོང་འཕེལ་གཏོང་བའི་འོས་བསྡུའི་ལས་དོན་ལེགས་གྲུབ་བྱུར་བར་འཚམས་འདྲི་ཡོད། ཨ་རིའི་ངོས་ནས་ཐེ་ཝན་མཚོ་འགག་ཕན་ཚུན་ཞི་བདེ་དང་བརྟན་ལྷིང་ཡོང་བ་དང་། ཕན་ཚུན་མི་མཐུན་པ་དང་། བཙན་དབང་དང་གནོན་ཤུགས་སོགས་ཀྱི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་མུ་མཐུད་ནས་རྒྱུན་འཁྱོང་གནང་རྒྱུ་ཡིན་ཞིང་། ཨ་རི་དང་ཐེ་ཝན་གྱི་མི་དམངས་ནི་དམངས་གཙོའི་རིན་ཐང་ལོངས་སུ་སྤྱོད་མཁན་གཅིག་མཚུངས་ཡིན་པ་དང་། ཨ་རི་དང་ཐེ་ཝན་ཕན་ཚུན་དཔལ་འབྱོར་དང་རིག་གཞུང་།མི་དམངས་ཀྱི་འབྲེལ་བ་མུ་མཐུད་ནས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། བདམས་ཐོན་སྲིད་འཛིན་གཙོས་པས་ཐེ་ཝན་གྱི་ཆབ་སྲིད་ཚོགས་ཁག་དང་ཕན་ཚུན་མཉམ་ལས་དང་། ཐེ་ཝན་མཚོ་འགག་ཕན་ཚུན་ཞི་བདེ་དང་བརྟན་ལྷིང་རྒྱུན་གནས་ཡོང་ཐབས་གནང་རྒྱུ་གཙོས་པས་ཨ་རི་དང་ཐེ་ཝན་ཕན་ཚུན་གཞུང་འབྲེལ་མ་ཡིན་པའི་དུས་ཡུན་རིང་པོའི་འབྲེལ་ལམ་གྱི་ནུས་པ་མུ་མཐུད་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་ཡོད་ཅེས་སོགས་གསུངས་འདུག
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་གཙོ་འཛིན་སྐུ་ཞབས་Josep Borrel མཆོག་གི་མགྲིན་ཚབ་པས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། བདམས་ཐོན་སྲིད་འཛིན་སྐུ་ཞབས་Lai Ching-te ལ་དགའ་བསུ་དང་། དམངས་གཙོའི་ལམ་སྲོལ་ལག་བསྟར་བྱེད་མཁན་གྱི་འོས་བསྡུའི་ནང་ཞུགས་མཁན་གྱི་ཐེ་ཝན་མི་དམངས་ཚོར་འཚམས་འདྲི་བཀྲིས་བདེ་ལེགས་ཡོད་ཅེས་གསུངས་ཡོད་ལ། དེ་དང་ཆབས་ཅིག་སྤྱི་བསྒྲགས་དེའི་ནང་ཐེ་ཝན་མཚོ་ཁག་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཐོག་ལ་བློ་འཚབ་མུ་མཐུད་ཡོད་པ་དང་། ཕྱོགས་གཅིག་གིས་མངའ་ཁུལ་དེའི་ནང་གི་གནས་བབ་འགྱུར་ལྡོག་གཏོང་ཐབས་ཀྱི་བྱ་སྤྱོད་གང་རུང་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། དམིགས་བསལ་དེའི་ཁུལ་གྱི་མངའ་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་དང་དཔལ་ཡོན་གྱི་ཆེད་དུ་ཐེ་ཝན་མཚོ་འགག་ཕན་ཚུན་ཞི་བདེ་དང་བརྟན་ལྷིང་དུ་གནས་རྒྱུ་ནི་གལ་ཆེར་འཛིན་གྱི་ཡོད་པ་གསུངས་འདུག
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཆོག་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཐེ་ཝན་གྱི་འོས་བསྡུ་ཞི་བའི་ཐོག་ནས་ལག་བསྟར་བྱུང་བ་དང་སྐུ་ཞབས་Lai-Ching-te ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་ཅིང་། ཉི་ཧོང་གཞུང་གིས་ཐེ་ཝན་མཐའ་འཁོར་གྱི་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པས། དེ་ཡིས་མངའ་ཁུལ་དེའི་ནང་དུ་ཞི་བདེ་དང་བརྟན་ལྷིང་སྐྲུན་ཐུབ་རྒྱུ་རེད་ཅེས་གསུངས་འདུག འོན་ཀྱང་རྒྱ་ནག་གཞུང་གིས་སྐུ་ཞབས་Lai Ching-te ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་མ་ཐག་ཐེ་ཝན་ཕྱོགས་ནས་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། བཟོད་བསྲན་བྱེད་ཐབས་མེད་པའི་སྐོར་བཤད་དེ། ༡༩༩༢ ལོར་ཐོུང་གིས་མོས་མཐུན་བྱུང་བའི་རྒྱ་ནག་གཅིག་གི་རྩ་དོན་ལ་འགྱུར་བ་མེད་པ་དང་། ཐེ་ཝན་རང་བཙན་གྱི་ཆེད་དུ་ཁ་བྲལ་གྱི་བྱ་སྤྱོད་མཐའ་དག་དང་ཕྱི་རྒྱལ་གྱི་ཐེ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་ཤིང་ཧཱ་གསར་ཤོག་ཐོག་ལ་བཀོད་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།