༧གོང་ས་མཆོག་གིས་ཡོ་རོབ་ལཏ་ཝི་ཡའི་སྲིད་འཛིན་གསར་བར་འཚམས་འཕྲིན་བསྩལ་འདུག

སྐུ་ཞབས་(Edgars Rinkevics)་ལགས་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡ་(Latvia)་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་པར་༧གོང་ས་མཆོག་གིས་འཚམས་འཕྲིན་བསྩལ་འདུག

སྤྱི་ནོར་༧གོང་ས་མཆོག་དང་ལཏ་ཝི་ཡ་(Latvia)་རྒྱལ་ཁབ་ཀྱི་སྲིད་འཛིན་(Edgars Rinkevics)་ལགས། སྒྲིག་བཟོ།/AP

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་(Edgars Rinkevics)་ལགས་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡ་(Latvia)་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་པར་ཕྱི་ཟླ་༦ཚེས་༡ཉིན་འཚམས་འདྲིའི་གསུངས་འཕྲིན་ཞིག་བསྩལ་གནང་མཛད་འདུག་པ་དེའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༡༩༩༡ལོ་ནས་བཟུང་ལཏ་ཝི་ཡའི་ནང་ཐེངས་འགའ་ཤས་ཆིབས་བསྒྱུར་བསྐྱངས་སྐབས། ཡུལ་དེའི་མི་རབས་རྒན་གཞོན་གཉིས་ཀའི་ཁྲོད་མིའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་སྤེལ་གཏོང་རྒྱུ་དང་། ཆོས་ལུགས་འཆམ་མཐུན། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་ཐབས་ཐད་ཀྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་དགའ་མོས་དང་དོ་སྣང་ཞུ་གི་ཡོད་པ་གཟིགས་སྣང་བྱུང་བ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་འཚམས་འཕྲིན་ནང་། ལཏ་ཝི་ཡ་དང་ཁྱིམ་མཚེས་ཡུལ་གྲུ་(Estonia)་དང་(Lithuania)་བཅས་ཀྱིས་རང་རང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དཔེར་བླངས་ནས། ཡུལ་ལུང་འདི་དག་ལ་སོ་སོའི་མི་དམངས་ལ་འཚེ་བ་མེད་པ་དང་། རང་དབང་། མང་གཙོའི་རིན་ཐང་གོང་སྤེལ་གཏོང་བའི་འོས་འགན་ཞིག་ཡོད་པ་བཀའ་གནང་ཞིང་། དེང་སང་འཛམ་གླིང་འདི་དཀའ་རྙོག་ཆེ་བའི་དུས་སྐབས་ཤིག་ནང་འགྲིམས་བཞིན་པ་འདི་ལྟར་ཡང་། སྲིད་འཛིན་གསར་པར་འོས་འདེམས་བྱུང་པ་སྐུ་ཞབས་(Edgars Rinkevics)་ལགས་ཀྱིས་ཡུན་རིང་གི་མྱོང་བའི་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་ཐད་ལས་དོན་ཐོག་ཡག་པོ་བསྒྲུབ་ཐུབ་རྒྱུར་ཐུགས་རེ་གནང་བ་དང་སྦྲགས། ཁོང་གིས་ལཏ་ཝི་ཡ་མི་མང་གི་མངོན་འདོད་སྐོང་ཐུབ་པའི་ཐད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་ཡོད་ཅེས་བཀའ་གནང་འདུག
ལཏ་ཝི་ཡ་(Latvia)་ཡུལ་གྲུ་འདི་ནི་༡༩༤༠ཕྱི་ཟླ་༧པའི་ནང་། ཨུ་རུ་སུ་སྤྱི་མཐུན་གྱི་མངའ་ཁོངས་སུ་བཙན་བཟུང་བྱས་ནས། ཕྱི་ལོ་༡༩༩༡ཕྱི་ཟླ་༨ཚེས་༢༡ཉིན་ལཊི་ཝི་ཡ་གཞུང་གིས་ཨུ་རུ་སུའི་མངའ་ཁོངས་ནས་རང་བཙན་ཡིན་པའི་གསལ་བསྒྲགས་སྤེལ་བ་དང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༡༩༩༡ཕྱི་ཟླ་༩ཚེས་༦ཉིན་རང་བཙན་གྱི་རྒྱལ་ཁབ་ཏུ་ངོས་ལེན་མ་བྱས་ཀྱི་བར་ཨུ་རུ་སུའི་གཅིག་བསྡུས་ཀྱི་སྲིད་དབང་འོག་ཚུད་ཡོད་ཅིང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་རང་བཙན་ཐོབ་མ་ཐག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༩༡ཟླ་༩ཚེས་༢༩ནས་ཟླ་༡༠ཚེས་༢བར་ཨུ་རུ་སུའི་མངའ་འོག་ནས་རང་བཙན་ཐོབ་པའི་(Lithuania)་སྲིད་འཛིན་(Vytautas Landsbergis)་དང་། སྲིད་བློན་(Gediminas Vagnorius) དེ་བཞིན་ལ་ཊི་ཝི་ཡའི་སྲིད་འཛིན་ལས་ཚབ་(Anatolijs Gorbunovs)་བཅས་དང་(Lithuania)་གྲོང་ཁྱེར་(Vilna)་རུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་འཕྲད་གནང་ཡོད་ཅིང་། རྒྱལ་ཁབ་འདི་དག་གི་གཞུང་དམངས་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org