སྲིད་སྐྱོང་མཆོག་གིས་ལྭཏ་ཝི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་མོལ་གནང་འདུག

2024.01.30
སྲིད་སྐྱོང་མཆོག་གིས་ལྭཏ་ཝི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་གིས་ལྭཏ་ཝི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་མོལ་གནང་སྐབས། ༠༡།༢༩།༢༠༢༤
CTA

འདི་ཚེས་༢༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་(Latvia)་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་། ཡུཀ་རེན་དང་ བོད་ཀྱི་གནས་ཚུལ་འདྲ་མཚུངས་ཡིན་པ། རྒྱལ་སྤྱིའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ཡོད་སོགས་ཀྱི་སྐོར་གོ་བསྡུར་གནང་ཐོག (Latvian)་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་དགོངས་འཆར་གསུངས་ཡོད་འདུག

Sikyong Penpa Tsering  Latvia (2).jpg
དེའི་རྗེས་(Riga)་གྲོང་སྡེ་ལས་ཁུངས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་གཞོན་པས་སྣེ་ལེན་གོ་སྒྲིག་གནང་བ་ལྟར། སྲིད་སྐྱོང་མཆོག་ཕེབས་ཏེ་(Tibetan Warrior)་ཞེས་བོད་དམག་སྐོར་གྱི་གློག་བརྙན་ཞིག་གཟིགས་འབུལ་དང་འབྲེལ་བོད་དོན་ཐད་དྲི་བ་དྲིས་ལན་གནང་སྐབས་ཚོགས་ཞུགས་པ་ཚོས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག
དེའི་སྔོན་སྲིད་སྐྱོང་མཆོག་ལྭཏ་ཝི་ཡའི་གྲོང་ཁྱེར་རི་གྷ་རུ་ཁྲིམས་དང་བཟང་སྤྱོད། ཚུལ་ཁྲིམས་ཞེས་པའི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་བ་དང་། སྐབས་དེར་ཚོགས་བཅར་པ་རྣམས་ཀྱིས་དོ་སྣང་ཆེན་པོས་རིག་གཞུང་དང་། སྐད་ཡིག་གཅེས་སྐྱོང་དང་སྲུང་སྐྱོབ། ལྭཏ་ཝི་ཡས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་གླེང་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་སོགས་གནད་དོན་མང་པོའི་ཐོག་བཀའ་འདྲི་ཞུས་པར་ལན་འདེབས་གསལ་བཤད་གནང་བའི་རྗེས་ས་གནས་ཀྱི་གསར་འགོད་པའི་བཅར་འདྲིར་ཡང་དང་ལེན་གནང་ཡོད་འདུག
འདི་ཚེས་༣༠ཉིན་སྲིད་སྐྱོང་མཆོག་(Lithuania)་ནང་གཞུང་དོན་འཚམས་གཟིགས་ཆེད་རྒྱལ་ས་(Vilnius)་རུ་ཕེབས་འབྱོར་བྱུང་ཡོད་པ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ་ཐོག་གནས་ཚུལ་སྤེལ་འདུག་ལ་རིམ་པས་(Lithuania)་ནང་གཞུང་དོན་འཚམས་གཟིགས་གནང་འཆར་འདུག
སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ཀྱི་གནད་དོན་དང་འབྲེལ་ནས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ཡོ་རོབ་བྱང་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུ་རྒྱུན་དུ་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་འདི་ངོ་སྤྲོད་གནང་རྒྱུར་འབད་འབུངས་གནང་བཞིན་ཡོད་པ་གསུངས་བྱུང་ལ། ཉེ་ཆར་བོད་འདི་རྒྱ་ཡིག་གི་ལོ་རྒྱུས་ཁག་ཏུའང་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་མཁན་རྒྱ་མི་སློབ་དཔོན་ལའོ་ལགས་དབྱིན་ཇིའི་གྲོས་ཚོགས་སོགས་སུ་གདན་ཞུས་ཀྱིས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎