རྒྱ་ནག་གཞུང་གིས་བོད་ནང་ལྟ་ཞིབ་ཀྱི་དྲྭ་ལམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
དེ་ཡང་རྒྱ་གར་གྱི་(ANI)་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མིས་བཟོས་ཚན་རིག་ལག་རྩལ་འཕེལ་རྒྱས་དང་གནས་བསྡུས་དཔྱད་གཞིའི་ནུས་པ་ཆེ་རུ་བཏང་ནས་བོད་ནང་ལྟ་ཞིབ་དྲྭ་བ་ཤུགས་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་པ་བོད་རང་སྐྱོང་ལྗོངས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་ ཉེ་བའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གནས་བསྡུས་དཔྱད་གཞིའི་ལྟེ་གནས་གསར་པ་ཞིག་བསྐྲུན་བཞིན་པ་དང་། དེ་ནི་མངའ་ཁུལ་དེར་དེ་ལྟར་གྱི་ལྟེ་གནས་གསར་བཙུགས་བྱས་བ་ཐོག་མ་དེ་ཡིན་པའི་ཁར། དེ་ཡང་གྲངས་ཚད་དང་བེད་སྤྱོད་བྱེད་ཡ་མཉམ་སྤྱོད་བྱ་རྒྱུར་གོམ་སྟབས་ཞིག་སྤོས་པ་ཞིག་ཡིན་ལུགས་བཀོད་ཡོད་འདུག
རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་དང་། ལྷག་པར་དུ་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་གནས་བསྡུས་དཔྱད་གཞིའི་གྲངས་ཚད་ལྟེ་གནས་འཛུགས་རྒྱུ་དེས་སྲིད་གཞུང་གི་ལས་དོན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་འཚོ་གནས། དེ་བཞིན་ཁྲོམ་རར་དོ་དམ་དང་། དངུལ་རྩ་དང་ས་མཚམས་དར་སྤེལ། ཁོར་ཡུག་སྲུང་སྐྱོབས། ཛ་དྲག་གི་མེ་གསོད་མྱུར་སྐྱོབས་དང་། རིག་གནས་དང་ཡུལ་སྐོར་སྤྲོ་འཆམ་ལས་དོན་སོགས་ཚང་མར་གྲངས་ཚད་ཐོག་ནས་ཞབས་ཞུ་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་༢༠༢༠ལོར་རྒྱ་ནག་གཞུང་གིས་བོད་ནང་འཛམ་གླིང་ནང་ས་བབས་མཐོ་ཤོས་ཀྱི་གནམ་གཤིས་དང་འབྲེལ་བའི་སྤྲིན་པའི་གྲངས་ཚད་ལྟེ་གནས་ཟེར་བ་གསར་བཙུགས་བྱས་ལུགས་བརྗོད་ཡོད་པ་དང་། དེས་ཁྱིམ་མཚེས་བལ་ཡུལ་དང་བྷང་ལ་དྷེ་ཤེ། པ་ཀི་སི་ཐན་སོགས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་གྲངས་ཚད་ཉར་འཇོག་དགོས་འདུན་དང་མཐུན་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་རེད།
ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཁྲག་རྒྱུན་རིགས་རྫས་(DNA)་བསྡུ་ལེན་བྱེད་བཞིན་པའི་གནས་ཚུལ་ཐོན་པའི་རྗེས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་དགུ་པའི་ནང་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ཉེན་རྟོག་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། དེ་ཚོའི་ནང་བོད་རང་སྐྱོང་ལྗོངས་ཁུལ་གྱི་གྲོང་གསེབ་དང་གྲོང་སྡེ་ཁག་གི་གྲོང་མི་ཚོའི་ཁྲག་རྒྱུན་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པའི་སྐོར་བཏོན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་གིས་ཐུན་མོང་གི་སྤྱི་ཚོགས་བསྐྲུན་པ་དང་། ཐུན་མོང་གི་(cyberspace)་འམ་མཁའ་འབྲེལ་དྲྭ་ལམ་བཟོ་གྲྭ་འཛུགས་འཆར་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་ཡོད་པ་དང་། གློག་ལམ་དྲྭ་བའི་ཁོར་ཡུག་བསྐྲུན་རྒྱུ་དེ་ནི་ཐུན་མོང་གི་དམིགས་ཡུལ་ཞིག་ཡིན་ལུགས་དང་། དེ་ཡང་མཉམ་དུ་གྲོས་མོལ་དང་མཉམ་བཙུགས་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཐོག་གི་ཐུན་མོང་གི་བསམ་ཚུལ་ཞིག་ཡིན་པར་བརྟེན། ཕན་ཚུན་བར་དམངས་གཙོ་དང་ཕྱི་གསལ་ནང་གསལ་གྱི་རྒྱལ་སྤྱིའི་དྲྭ་རྒྱའི་སྒྲིག་སྲོལ་ཞིག་བཙུགས་རྒྱུར་སྐུལ་སྤེལ་གཏོང་དགོས་ལུགས་སོགས་བཀོད་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།