རྒྱ་ནག་གི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས་ཞེས་བའི་ཁྲིམས་གསར་དེ་ནི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།
དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དད་རང་དབང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་ཡོད་པའི་ཐོག ཉེ་སྔོན་སྤྱི་ཟླ་༧པའི་ནང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་ཟེར་བས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཆོས་ལུགས་གི་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་ཡིག་དེ་བཞིན་༢༠༢༣ལོའི་སྤྱི་ཟླ་༩པའི་ཚེས་༡རེས་གཟའ་པ་སངས་ཉིན་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་བསྒྲགས་འདུག
ཁྲིམས་ཡིག་དེའི་ནང་། ཆོས་ལུགས་ཆོ་ག་སྤེལ་ས་དང་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་དང་། ཆོས་ལུགས་ཆོ་ག་སྤེལ་སའི་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཡོད་པ་སོགས་ལེའུ་༡༠དང་དོན་ཚན་༧༦ཡོད་པ་འཁོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་ནས་བཟུང་། བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐད་སྔར་ལྷག་དམ་དྲག་ཇེ་ཆེར་བཏང་ཡོད་པ་མ་ཟད། ད་རེས་ལག་བསྟར་བྱས་པའི་༼ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས།༽ཞེས་པའི་ཁྲིམས་ཡིག་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཀྱི་དགོས་མཁོ་རང་གི་ཆེད་དུ་གཏན་འབེབས་བྱས་པ་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དར་སྤེལ་ཐོག་འགོག་རྐྱེན་འཕྲད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཁྲིམས་ཡིག་དེའི་ལེའུ་དང་པོའི་དོན་ཚན་གསུམ་པའི་ནང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྡེ་ཚན་ཁག་གིས། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་ལྟ་གྲུབ་གཞིར་བཟུང་རྒྱ་ནག་གི་ཁྱད་ཆོས་ལྡན་སྤྱི་ཚོགས་རིང་ལུགས་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། ཚོགས་པ་དང་མི་སྒེར་བཅས་ཀྱི་ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཀྱི་གཏན་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོན་པའི་བྱེད་སྒོའི་རིགས་སྤེལ་མི་ཆོག་ཅེས་འཁོད་འདུག
གཞི་རྩའི་ཆ་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་སྤྱི་ལོ་༢༠༡༡ལོར་ཐོག་མར་འགོ་འཛུགས་གནང་བའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་དེ་བཙུགས་པ་ནས་བཟུང་། བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སློབ་གྲྭའི་གུང་སེང་སྐབས་དགོན་སྡེ་ཁག་ནང་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཛུགས་མི་ཆོག་པ་བཟོས་བ་དང་། གལ་སྲིད་དེ་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ཤེས་རྟོགས་བྱུང་ཚེ་མི་སྒེར་ལ་ཉེས་ཆད་བཅད་ནས་དགོན་པ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གི་བོད་ཀྱི་དགོན་སྡེ་ཁག་ནང་། དོ་དམ་ཨུ་ཡོན་ལྷན་ཁང་གི་ཟེར་བ་བཙུགས་ཏེ། ཆབ་སྲིད་སློབ་གསོ་སྤེལ་བ་དང་། གྲྭ་བཙུན་ཉུང་རུ་བཏང་ཡོད་པའི་ཁར། ད་རེས་འདི་ལྟ་བུའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས་བོད་ནང་དགོན་སྡེ་ཁག་ལ་ཁྲིམས་ཀྱི་ཐོག་ནས་དམ་དྲག་ཇེ་ཆེར་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་སི་པན་ནང་གནས་བཞུགས་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་རེས་ལག་བསྟར་བྱས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཕྱོགས་དང་འབྲེལ་བའི་སྲོལ་ཡིག་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་འགྲོ་ལུགས་རྣམས་མེད་པ་བཟོ་རྒྱུའི་ལས་གཞི་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཁྲིམས་ཡིག་དེའི་ལེའུ་གཉིས་པའི་དོན་ཚན་༡༡པའི་ནང་གསེས་གསུམ་པ་དང་བཞི་པའི་ནང་། ཆོས་ལུགས་བྱེད་སྒོ་སྤེལ་རྩིས་ཡོད་པའི་ཆོས་ལུགས་མི་སྣས་ཆོས་ལུགས་རྩ་འཛུགས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་མཐུན་པའི་སྒོ་ནས་ངོ་སྤྲོད་ལག་འཁྱེར་དང་ཡུལ་མིའི་ཐོབ་ཐང་ལག་འཁྱེར་དགོས་པ་མ་ཟད། གལ་ཏེ་ཆོས་ལུགས་ཀྱི་ལས་བྱེད་པ་ཡིིན་ན། ཆོས་ལུགས་ལས་བྱེད་པའི་ལག་ཁྱེར་ཡང་སྤྲོད་དགོས་པ་སོགས་འཁོད་འདུག་པ་མ་ཟད། ཆོས་ལུགས་བྱེད་སྒོ་དང་འབྲེལ་བའི་འགྲོ་གྲོན་དང་མ་དངུལ་གྱི་ཡོང་ཁུངས་སོགས་ཁ་གསལ་འགྲེལ་བརྗོད་དགོས་པ་སོགས་མདོར་ན། འབྱུང་འགྱུར་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་། རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་ཡིག་དེ་གཞིར་བཟུང་ཐེ་བྱུས་བྱེད་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།