བོད་ནང་ས་ཁུལ་མང་པོར་ཟས་བཅད་ལས་འགུལ།
2012.11.28
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་གིས་གནས་ཙུལ་བཏང་དོན། ཟླ་བ་འདིའི་ཚེས་༢༦ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༡༠པ་ནས་། ཕྱི་ཚེས་༢༨གྱི་སྔ་དྲོ་ཆུ་ཚོད་༨པ་བར་དུ། བོད་ཀྱི་རྒྱལ་ས་ལྷ་ས་དང༌། ཁམས་བྲག་འགོ། འཇོ་མདའ། རྫ་ཆུ་ཁ། ཁྲི་འདུ། གསེར་རྟ། མཚོ་སྔོན་ཟི་ལིང༌། རེབ་གོང༌། དཀར་མཛེས། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་བཅས་སུ་ བོད་མི་༦༠ལྷག་གིས་ ས་གནས་སོ་སོར་ཟས་བཅད་ངོ་རྒོལ་དང༌། གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་གནང་ཡོད་པའི་གནས་ཚུལ་འདུག།
ཟས་བཅད་ངོ་རྒོལ་གནང་མཁན་བོད་མི་དེ་རྣམས་ནི། ས་གནས་སོ་སོར་ཡོད་པའི་སློབ་གྲྭ་ཆེན་མོ་པ་དང༌། རྒྱལ་ཁབ་ཀྱི་ལས་བྱེད་པ། རྩོམ་པ་པོ། དགེ་འདུན་པ་དང་ཚོང་པ་ཚོགས་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཤེས་ལྡན་པ་རྐྱང་རྐྱང་ཡིན་ཞིང༌། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་༩༡ལྷག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་བ་དང༌། དེ་ལས་མང་བ་ཞིག་རྒྱ་གཞུང་གིས་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན་པ་རེད།