གླུ་མ་གྲགས་ཅན་འཇམ་དབྱངས་སྐྱེད།
2008.04.16
༄༅༎བོད་ཀྱི་གླུ་མ་དང༌བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་འཇམ་དབྱངས་སྐྱིད་ཨ་མདོ་ཟི་ལིང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀག་ཉན་བྱས་འདུག འདི་ཟླའི་ཚེས་ ༡༤ཉིན་པེ་ཅིང་གྱི་འབྲེལ་ཡོ་མི་སྣ་ཞིག་གིས་གསུངས་ན་ མཚོ་སྔོན་བརྙན་འཕྲིན་ལས་ཁང་ནང་ཕྱག་ལས་གནང་མཁན་བོད་པའི་གླུ་མ་གྲགས་ཅན་དང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་འཇམ་དབྱངས་སྐྱིད་ལགས་དངོས་སུ་ཟི་ལིང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀག་ཉར་བྱས་འདུག ཡང་གནས་ཚུལ་བྱུང་ཁུངས་གཞན་ཞིག་གིས་གསུང་ན་ཕྱི་ཟླ་བཞི་པའི་ཚེས་ཤར་ལ་གླུ་མ་འཇམ་དབྱངས་སྐྱིད་ལགས་ལས་ཁུངས་ནང་ཡོད་སྐབས་མི་ཞིག་གིས་ཕྱི་རུ་འབོད་པས་སོང་རྗེས་ཕྱིར་ལོག་གནང་མེད་པ་དང༌། དང་ཐོག་ཁོང་མགྲོན་ཁང་ཞིག་ནང་བཀག་ཉར་འདྲི་རྩད་བྱས་པ་མ་ཟད་ ཉེན་རྟོགས་མི་སྣས་ཁོང་གི་ཁྱིམ་ནང་ཡོད་པའི་རྩིས་འཁོར་དང་འབྲེལ་བ་བྱ་སའི་ཁ་པར་ཟིན་དེབ་སོགས་བསྔོག་བཤེར་བྱ་ནས་ཁྱེར་སོང་བ་དང་ ད་ལྟ་ཁོ་གང་དུ་བཙོན་འཇུག་བྱས་ཡོད་མེད་གསལ་ཁ་མེད་ལ་ ཁོང་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་རྐྱེན་ཡང་གསལ་ཁ་མེད་པ་རེད། ཡིན་ཡང་ཁོང་རྒྱུས་ཡོད་མི་སྣ་ཞིག་གིས་བརྗོད་ན་གླུ་མ་འཇམ་དབྱངས་སྐྱིད་ལགས་ནི་ནམ་ཀུན་མི་རིགས་ཀྱི་ལ་རྒྱ་དང་ལྷག་པར་དུ་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་སྟབས་ རྒྱ་ནག་གཞུང་གིས་ཁོང་ལ་དོགས་པ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༦ ལོར་ཨ་མེ་རི་ཀའི་ཀོ་ལམ་སྦི་ཡ་མཐོ་སློབ་ཀྱིས་འཇམ་དབྱངས་སྐྱིད་ལགས་མགྲོན་འབོད་ཀྱིས་འཁྲབ་སྟོན་དང་བགྲོ་གླེང་ཚོགས་འདུར་ཞུགས་མྱོང་ཡོད་པ་རེད། ཁོང་ནི་ནམ་ཀུན་གླུ་གཞས་འཁྲབ་སྟོན་ལས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་ཆེ་བ་གནང་མཁན་ཞིག་ཀྱང་ཡིན་པས་ ཁོང་གིས་ད་བར་སྨོན་ལམ་དང་ལས་འཕྲོ་སོགས་སྐད་འཁོར་དང་བརྙན་འཁོར་ཁ་ཤས་བཟོ་འགྲེམས་གནང་བ་མ་ཟད་ དེ་མི་ཁོང་སྐུ་སྒེར་ཐོག་ནས་འཇམ་དབྱངས་སྐྱིད་ཀྱི་ཟིན་བྲི་ཅེས་པ་ཞིག་བོད་ཀྱི་སྐད་ཡིག་དྲ་བའི་ནང་ བོད་ཀྱི་གནས་སྟངས་དང་རྩོམ་རིག་ཐད་རྩོམ་ཡིག་སྤེལ་ཡོད་པ་ནི་བོད་ནང་གི་ན་གཞོན་ཤེས་ལྡན་རྣམས་ཀྱིས་དགའ་ཤོས་གནང་སའི་ཟིན་བྲིས་གྲས་སུ་ཚུད་ཡོད་པའི་གནས་ཚུལ་འདུག།