ཞི་ཅིན་ཕེང་སྲོག་ཤིང་གི་གོ་གནས་ཐོབ་པ།
2016.11.11
དེ་རིང་གི༼ གངས་ལྗོངས་གླེང་སྟེགས༽ ཀྱི་སྐབས་སུ་བབ་པའི་གླེང་བྱ། ཞི་ཅིན་ཕེང་སྲོག་ཤིང་གི་གོ་གནས་ཐོབ་པ་དེ་ཁོང་ལ་བལྟོས་བཅས་ཀྱི་དབང་ཆ་ཐོབ་ཡོད་མེད་དང་། ཞི་སྲོག་ཤིང་བརྟན་པོར་ཆགས་པ་དེ། རིག་གསར་གྱི་རྗེས་སུ་ལོ་ངོ༣༠འི་རིང་ལག་ལེན་དུ་བསྟར་བའི་རྒྱ་ནག་གི་ཆབ་སྲིད་མ་དཔེ་དང་རྒྱབ་འགལ་ཡིན་མིན། སྲོག་ཤིང་གཏན་ཁེལ་བྱས་པ་དེ་ཞི་ཅིན་ཕེང་གི་ཆབ་སྲིད་ཧམ་པ་ཡིན་ནམ། ཡང་ན་གནས་བབ་ཀྱི་དབང་གིས་ཡིན། མ་འོངས་པའི་ལོ་ངོ་དུ་མའི་རིང་ཞི་ཅིན་ཕེང་ལ་སྲོག་ཤིང་གི་གོ་གནས་ཡོད་པ་དེ། རྒྱ་ནག་ལ་མཚོན་ན་དགེ་སྐྱོན་གཉིས་ཀའི་གང་ཡིན། དེ་བཞིན་ཞི་ཅིན་ཕེང་ལ་དབང་ཆའི་ནང་གི་ཆེས་མཐོའི་སྲོག་ཤིང་གི་གོ་སའི་དབང་ཆ་ཡོད་པ་དེ། སྤྱིར་ན་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་། སྒོས་སུ་བོད་དོན་ལ་མཚོན་ན་བཟང་ཞིག་ཡིན་ནམ་ངན་ཞིག་ཡིན། ད་ཞོལ་ནས་གོང་ཞུས་གནད་དོན་དེ་དག་གི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
གདན་ཞུ་སྐུ་མགྲོན་ནི།
བོད་མི་དམངས་སྤྱི་འཐུས་ཀླུ་ཚང་རྒྱལ་རིགས་ཐར་ལགས་དང་། ད་ལྟ་ཨོ་སི་ཊི་རེ་ལེ་ཡ་ན་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟུར་བ་ཚེ་རིང་རྒྱལ་ལགས་བཅས་ཡིན།
གསར་འགོད་པ་སྟག་ལྷ་རྒྱལ།