པེ་ཅིན་ལ་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་འདུག
2014.03.06
པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
དེ་ཡང་ཚེས་༥་ཉིན་སྐབས་བཅིུས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུ་འགོ་འཛུགས་ཀྱི་ཉིན་དང་པོར། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་ལོ་༤༠་ཡས་མས་ཡིན་པའི་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་མ་ཐག་དྲག་ཆས་ཉེན་རྟོག་པ་དང་། དམག་མི། སྐོར་སྲུང་མི་སྣ་བཅས་འབྱོར་དེ་མེ་གསོད་འཕྲུལ་ཆས་ཀྱིས་ཁོ་མོའི་ལུས་སྟེང་གི་མེ་བསད་རྗེས་བཙན་ཁྲིད་བྱས་ཡོད་པ་མ་ཟད། དེ་ཉིན་གྱི་སྔ་དྲོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡིག་ཆ་འགྲེམས་སྤེལ་བྱེད་མཁན་བུད་མེད་ཅིག་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆར་མེད་དུ་གྱུར་ཡོད་པ་རེད།
རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་བཞིན་པའི་ཚོགས་འདུ་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་། སྲིད་བློན་ལིའི་ཁེ་ཆང་གཙོ་བོར་འགྱུར་བའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་། འཐུས་མི་གྲངས་༣༠༠༠་ལྷག་མཉམ་ཞུགས་གནང་ཡོད་པ་རེད་འདུག ཚོགས་འདུ་དེར་རྒྱ་ནག་གི་ས་གནས་དང་། གྲོང་ཁྱེར་ཁག་མང་པོའི་འཐུས་མི་ཕེབས་ཡོད་སྟབས་ཚོགས་འདུ་མ་འཚོགས་སྔོན་ནས་བཟུང་རྒྱ་ནག་ནང་གི་མང་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་པ་སོགས་ཀྱིས་བརྒྱུད་ལམ་ཁག་འདྲ་མིན་བརྒྱུད་གྲོས་ཚོགས་ཀྱི་འཐུས་མིར་གཞུང་གི་སྲིད་ཇུས་དང་འབྲེལ་བའི་དགོངས་ཚུལ་མང་པོ་བཏོན་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།