འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་སྲུང་བརྩི་གནང་སོང་།

2024.03.12
འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་སྲུང་བརྩི་གནང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་༣༠ལྷག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་སྐབས། ༠༣།༡༡།༢༠༢༤
Facebook/TYC

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་སྤྱི་ཟླ་༣པའི་ཚེས་༡༡ཉིན་བོད་མི་ལས་འགུལ་བ་༣༥རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་སོང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཚབ་སྲུང་སྐྱོབ་བྱེད་མཁན་གྱི་རྒྱ་གར་ཉེན་རྟོག་པས་བོད་མི་ལས་འགུལ་བ་རྣམས་བཀག་འགོག་དང་རིམ་པས་འཛིན་བཟུང་བྱས་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ལོ་གསུམ་བཅུའི་དུས་ཆེན་ནི་གཟའ་ཉི་མ་འཁེལ་བར་བརྟེན་ཉིན་དེར་རྒྱ་ནག་གཞུང་ཚབ་ཁང་དུ་ལས་བྱེད་པ་ཚོས་ལས་དོན་གཉེར་གྱི་མེད་པས། ཆེད་དུ་ཚེས་༡༡རེས་གཟའ་ཟླ་བ་ཉིན་མོར་ལས་བྱེད་པ་དང་ལས་དོན་གཉེར་བཞིན་པའི་སྐབས་དང་བསྟུན་ནས། རྒྱ་ནག་གི་ལས་བྱེད་པ་ཚོས་ལས་འགུལ་བ་རྣམས་ཀྱི་དགོས་འདུན་གསལ་བོ་ཤེས་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཆེ་བའི་སྲིད་ཇུས་སྣ་མང་སྟེ། བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་འབུམ་ཚོ་མང་པོར། རྒྱ་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་སློབ་བཞིན་པ་དང་། ལྷག་པར་བོད་ནང་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་སོ་སོའི་ཕ་མེས་ཀྱི་རིང་ནས་འཚོ་གནས་བྱེད་སའི་ས་ཆ་བཙན་འཕྲོག་བྱེད་པ། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་དང་ཆོས་རིག་གི་རིན་ཐང་ལྡན་པའི་དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་པ་ནི། དཔེར་ན། ཉེ་ཆར་མདོ་ཁམས་སྡེ་དགེ་རྫོང་ཁོངས་ཀྱི་དབོན་པོ་སྟོད་ཁུལ་དུ་ཆུ་མཛོད་ལས་གཞི་ལ་ཁག་བཞག་སྟེ། ས་གནས་བོད་མི་རྣམས་གནས་སྤོས་དགོས་པའི་བཙན་བཀའ་བཏང་བ་དང་། ལོ་རྒྱུས་རང་བཞིན་གྱི་དགོན་པ་གཏོར་བཤིག་གི་བཀའ་ཁྱབ་བཏང་བ་སོགས། རྒྱ་ནག་གཞུང་གིས་ཛ་དྲག་གི་གནས་སྟངས་བཟོས་པ་དང་བཀོད་ཁྱབ་བཏང་བ་རྣམས་འཕྲལ་དུ་ཕྱིར་འཐེན་གྱི་དགོས་འདུན་བཏོན་ཡོད་འདུག
རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་གསུངས་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་རྗེས་རྒྱ་གར་གྱི་ཉེན་རྟོག་ལས་ཁུངས་དང་འབྲེལ་ཡོད་དཔོན་རིགས་རྣམ་པར་འབྲེལ་ལམ་ཞུས་བ་བརྒྱུད་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་ལས་འགུལ་བ་རྣམས་ཉིན་གང་བཀག་ཉར་བྱས་རྗེས་ཉིན་དེའི་དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་གློད་གྲོལ་བཏང་ཡོད་པ་རེད་འདུག
ཉེ་ལམ་ནས་རྒྱ་ནག་གཞུང་གིས་ཁམས་སྡེ་དགེ་རྫོང་ཁོངས་སུ་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད། རྒྱ་ནག་གཞུང་གིས་དབོན་པོ་སྟོད་ཀྱིས་མཚོན་ས་གནས་དེ་ཁུལ་གྱི་བོད་མི་ཚོ་གནས་སྤོས་ཀྱི་བཙན་བཀའ་བཏང་བ་མཚམས་འཇོག་གི་ཞུ་འབོད་བྱས་པར། རྒྱ་ནག་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་གཅར་རྡུང་དང་དམ་དྲག་ཤུགས་ཆེ་བྱས་པར་བརྟེན། འདི་ལོར་འཛམ་གླིང་གང་སར་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་ལས་འབྱུང་བཞིན་པ་མ་ཟད། ལྷག་པར་གསུམ་བཅུའི་དུས་དྲན་ཉིན་ནམ་རྒྱུན་གྱི་ལས་འགུལ་དང་ཆབས་ཅིག སྡེ་དགེ་ས་གནས་ཀྱི་ཛ་དྲག་གནས་སྟངས་ཐོག་བཀའ་ཤག་གི་གསུང་འཕྲིན་གྱིས་མཚོན། བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀས་དོ་སྣང་ལས་འགུལ་ཤུགས་ཆེ་གནང་གི་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀས་འཆར་ཅན་ལྟར། སྤྱི་ཟླ་༣ པའི་ཚེས་༡༠ཉིན། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར། བོད་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་གནང་སྟེ་མི་ལོ་༦༥འཁོར་བའི་དུས་དྲན་སྲུང་བརྩི་གནང་བའི་སྟེང་། འཇར་མན་དང་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མི་ཁག་ཅིག་ཆེད་ཕེབས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
གཞུང་འབྲེལ་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་དམས་དང་བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ་སོགས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་པའི་གཞེན་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་གནང་སོང་།
ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མ་ཟད། བཙན་བྱོལ་དུའང་བོད་མིའི་ཐོག་འཇིགས་སྐུལ་དམ་དྲག་རིམ་པར་བྱེད་བཞིན་པ་དང་། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་ལ་སྤྲད་ཟིན་ཀྱང་། རྒྱ་ནག་གཞུང་གིས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པ་སོགས་ཀྱི་སྐྱོན་བརྗོད་གནང་གི་འདུག
ཉིན་དེར་བཞུགས་སྒར་རྡ་རམ་ས་ལ་ཙམ་མིན་པར། བོད་ཕྱོགས་སུ་བོད་མི་གནས་ཡུལ་བྱང་ཨ་རི་དང་། ཡོ་རོབ་ཀྱི་ཡུལ་ལུང་ཁག་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཉིན་དེར་ཉེ་འཁོར་ཀྱི་མངའ་སྡེ་དང་ས་གནས་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོབ་བ་ཚོས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པར་ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་བ་དང་། དེ་ནས་འབོད་ཚིག་འདྲ་མིན་གྱི་སྐད་འབོད་བྱེད་བཞིན་ཕོ་བྲང་དཀར་བོ་བར་གོམ་བགྲོད་བྱས་ཡོད་པ་རེད།
ཐེ་ཝན་གྱི་རྒྱལ་སར་གསུམ་བཅུའི་དུས་དྲན་ཉིན། ཐེ་པེ་ནང་གི་(Zhongxiao)་ལམ་ཁའི་ཤར་ཕྱོགས་ནས་འགོ་བཙུགས་ཏེ་(Sun Yat-Sen)་སོན་ཀྲུང་ཧྲན་རྗེས་དྲན་ཁང་བར་དུ་རྔམ་སྟོན་ཁྲོམ་སྐོར་བྱས་རྗེས། དེར་དུས་ཡུན་ཁྱུག་ཙམ་རིང་ངག་བཅད་ཀྱི་ཐོག་ནས་བོད་དོན་ཆེད་རང་སྲོག་བློས་གཏོང་མཁན་རྣམས་ལ་རྗེས་དྲན་ཞུས་ཡོད་པ་དང་། དེ་ནས་མུ་མཐུད་དུ་ཐེ་པེ་རུ་ཡོད་པའི་རྒྱ་ནག་དངུལ་ཁང་ཡན་ལག་ཁང་གི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་ཐོབ་ཐང་དོན་གཉེར་བ་རྣམས་གློད་གྲོལ་གཏོང་དགོས། བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་གཏོང་རྒྱུར་ངོ་རྒོལ་ཡོད་ཅེས་སོགས་སྐད་འབོད་གནང་བ་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བོད་དོན་གཏམ་བཤད་གནང་ཡོད་འདུག ཐེ་ཝན་ནང་ཡོད་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཐེ་ཝན་ནང་གི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཐོག་མི་མང་པོ་འཛོམས་ཡོད་པ་མ་ཟད། གསར་འགོད་པ་མང་པོ་སླེབས་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད་འདུག་ལ། ཐེ་ཝན་ནང་ད་བར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ནས་ལོ་ངོ་༢༡ཕྱིན་ཡོད་འདུག
ཁེ་ཎ་ཌའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་(Masaryk Park)་མདུན་ནས་རྒྱ་ནག་གཞུང་གི་གཞུང་ཚབ་ལས་ཁུངས་བར་དུ་ཞི་བའི་གོམས་བགྲོད་དང་རྒྱ་ནག་གཞུང་ངོ་རྒོལ་སྐད་འབོད་གནང་ཡོད་པ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཨོན་ཏྲེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་བོད་དོན་གཏམ་བཤད་དང་འབྲེལ། རྒྱ་གཞུང་གིས་ཁྲིམས་དང་མི་མཐུན་པའི་ཐོག་བོད་ས་ཡོང་རྫོགས་ཕྱི་ལོ་༡༩༥༩ལོར་བཙན་བཟུང་བྱས་པ་དང་། བོད་མི་མང་པོས་སྐུ་ལུས་མེར་བསྲེགས་གནང་བ། བོད་ཕྲུག་སློབ་མ་ས་ཡ་གཅིག་ཙམ་ཞིག་གཏན་འཇགས་སློབ་གྲྭར་བཅུག་པ། བོད་སྡེ་དགེ་ཁུལ་དུ་ཆུ་མཛོད་རྒྱག་རྒྱུའི་ལས་གཞིའི་ཆེད་བོད་མི་གནས་སྤོས་དགོས་པའི་བཙན་གནོན་འོག་བོད་མི་སྟོང་ཕྲག་གཅིག་ལྷག་འཛིན་བཟུང་བྱས་པ། ལོ་རྒྱུས་ལྡན་པའི་བོད་པའི་དགོན་སྡེ་ཁག་ཅིག་གཏོར་བཤིག་གཏོང་རྒྱུའི་སྲིད་བྱུས། དེ་བཞིན་བོད་ནི་འཛམ་གླིང་ནང་རང་དབང་མེད་པ་སྐྱོ་ཤོས་ཡིན་པའི་གཏམ་བཤད་གནང་ནས་རྒྱལ་སྤྱིའི་གཞུང་ཁག་གིས་བོད་ལ་རྒྱབ་སྐྱོར་དགོས་པའི་རེ་འདུན་ཞུས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་ཚོས་ཚེས་༡༠ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་སྲུང་བརྩི་གནང་སྐབས། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་དང་ས་གནས་ཁག་འདྲ་མིན་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་གནང་ཡོད།
དེ་བཞིན་རྒྱ་གར་ལ་དྭགས་ས་གནས་སུ་ཡང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥་པ་སྐད་འབོད་དང་ཁྲོམ་སྐོར་གྱི་ལམ་ནས་སྲུང་བརྩི་གནང་ཡོད་པ་རེད།
སུད་སིའི་ནང་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་སྲུང་བརྩི་བྱེད་པར་ཆེད་དུ་(Geneva)་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འཛོམས་རྒྱ་ནག་གཞུང་ལ་ངོ་རྒོལ་མཉམ་འབྲེལ་རྒྱལ་ཚོགས་ང་ཚོ་ལ་དྲང་བདེན་དགོས་ཞེས་སྐད་འབོད་གནང་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་ནང་གྲོང་ཁྱེར་ཝེག་ཌོ་རི་ཡ་གཙོས་ས་གནས་ཁག་ཚང་མའི་ནང་ཁག་སོ་སོར་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཏེ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༥པ་སྲུང་བརྩི་ཞུས་ཡོད་པ་དང་། ཝིག་ཌོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨོསི་ཊརེ་ལི་ཡ་བོད་དོན་ལྷན་ཁང་། བོད་དོན་ཞུ་གཏུགས་ལས་འགུལ་ཁང་བཅས་ཚོགས་སྡེ་ཁག་གསུམ་ཐུན་མོང་གི་གོ་སྒྲིག་འོག་ས་གནས་དེའི་ནང་གི་བོད་མི་༡༥༠་ལྷག་ས་གནས་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་འདུ་འཛོམས་ཀྱིས། བོད་ལ་རང་དབང་དགོས་པ་དང་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་བ་སོགས་འབོད་ཚིག་འདྲ་མིན་གྱི་ལམ་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བའི་རྗེས། ས་གནས་ཀྱི་དྲན་རྟེན་སྤྱི་གླིང་ནས་ཝིག་ཌོ་རི་ཡ་མངའ་སྡེའི་དཔེ་མཛོད་ཁང་བར་ཞི་བའི་གོམས་བགྲོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་སོགས་ཝིག་ཌོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཆོས་གྲགས་ཀྱི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཚོགས་པ་ཆེ་ཁག་གི་གོ་སྒྲིག་འོག ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་རྔམ་སྟོན་སྐད་འབོད་སོགས་ཀྱི་ལམ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་ལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། ཨ་རིའི་ནང་བཞུགས་མཁན་ཚོས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཁྲིམས་སུ་ཆགས་ཐབས་ལ་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།

Nepal police.png
བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཚེས་༡༠ཉིན་བལ་ཡུལ་དུ་ཉེན་རྟོག་པ་མང་པོ་བོད་མི་གནས་ཡུལ་ཁག་ལ་འགྲེམས་འཇོག་བྱས་ཡོད་པ་དང་། གཞུང་གིས་ངོ་རྒོལ་ལས་འགུལ་རིགས་སྤེལ་ཆོག་པའི་ཆོག་མཆན་སྤྲོད་ཀྱི་མེད་པའི་གནས་སྟངས་འོག་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་རིགས་སྤེལ་ཐུབ་མེད་ཀྱང་ས་གནས་ཁག་ཅིག་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ནས་དུས་དྲན་སྲུང་བརྩི་གནང་ཡོད་པ་དང་། ཉིན་དེར་དུས་དྲན་སྲུང་བརྩིའི་ཆེད་བོད་མི་རྣམས་ཀྱིས་ཟ་ཁང་དང་ཚོང་ཁང་ཁག་སྒོ་རྒྱབ་ཡོད་པ་རེད།

འདི་ལོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་འདིར་འཛམ་གླིང་གི་མང་གཙོའི་ཡུལ་གྲུ་མང་པོའི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༢༡༠༠ལྷག་གི་མདུན་དུ་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་དང་བྱེད་མུས་ཡིན་པ་དང་། བོད་ཕྱི་ལ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥པ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་ཡོད་པ་རེད།
Tibetan Flag Hoisting_March 10_Tibetan finial tb.png
འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༥༠༠ལྷག་གི་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་པའི་དཔེ་རིས། - སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།


གསར་འགོད་པ། ས་གནས་གསར་འགོད་པ་རྣམས་ཀྱི་གནས་ཚུལ་ཕྱོགས་བསྡུས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎