འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༥༠༠ལྷག་གི་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་འདུག

2024.03.08
འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༥༠༠ལྷག་གི་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་འདུག འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༥༠༠ལྷག་གི་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་པའི་དཔེ་རིས།
སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།

འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་༦༥པ་འདིར་འཛམ་གླིང་མང་གཙོའི་ཡུལ་གྲུ་མང་པོའི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་༥༠༠ལྷག་གི་མདུན་དུ་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་དང་བྱེད་མུས་ཡིན་འདུག
དཔེར་ན། འདི་ལོ་ཕྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་གང་ས་དང་། ལྷག་པར་འཇར་མ་ནི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ལྷན་ཚོགས་ཉུང་མཐར་༤༥༨ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་(Tibet Initiative)་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བསྟན་འཛིན་ལིན་ཌ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་ནང་གི་(East Rutherford)་གྲོང་སྡེ་ལས་ཁུངས་ནས་ཕྱི་ཟླ་༣པའི་ཚེས་༩ཉིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་ཐང་དུ་གྲོང་ཁྱེར་སྤྱི་ཁྱབ་པ་(Jeffrey Lahullier)་ལགས་དབུ་ཞུགས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་། ཐག་གཅོད་དེ་ནི། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་གནང་བའི་མཚོན་དོན་ཅིག་ཡིན་པ་དང་། གྲོང་ཁྱེར་དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་ཐེངས་དང་པོ་ཆགས་ཡོད་པ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཀུན་བཟང་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
དེ་ཡང་ཨ་རིའི་ནུབ་ཕྱོགས་ཁ་ལི་ཕོར་ན་ཡའི་(Santa Barbara)་གྲོང་སྡེ་ལྷན་ཚོགས་ཀྱིས་ཕྱི་ཟླ་༣ཚེས་༧ཉིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཡོད་པ་དང་། བོད་དོན་ཐོག་རྩ་ཚིག་ཤིག་ཀྱང་གཏན་འབེབས་གནང་འདུག གྲོང་སྡེ་ལས་ཁུངས་འདིའི་མདུན་སྒྲེང་འཛུགས་ཞུས་པའི་བོད་ཀྱི་རྒྱལ་དར་ཟླ་༣ཚེས་༧ནས་ཚེས་བཅུ་བར་འཇོག་རྒྱུ་ཡིན་འདུག

དེ་བཞིན་ཡང་ཕྱི་ཟླ་༣ཚེས་༦ཉིན་ཁ་ལི་ཧྥོར་ནི་ཡའི་(El Cerrito)་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་(Tessa Rudnik)་ལགས་དབུ་བཞུགས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་(Tessa Rudnik)་ལགས་ཀྱིས། ཁོང་གི་པཱ་ལགས་ལོ་ལྔ་བཅུའི་གོང་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུས་པ་དང་། དེའི་རྗེས་ལོ་ཉི་ཤུ་ཙམ་གྱི་གོང་ཁོང་ལ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་སོགས་གསུངས་ཏེ། ཁོང་དང་ཁོང་གི་ནང་མི་མཚོན་ན་བོད་དོན་ནི་རང་བཞིན་གྱིས་སྙིང་ཉེ་བའི་གནད་དོན་ཞིག་ཡིན་པ་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ད་རེས་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་འདིའི་ཐོག་བོད་པའི་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་སླེབས་འདུག་པ་འདིས་ང་ལ་དམིགས་བསལ་སྤོབས་པ་ཞིག་བྱུང་ཞེས་གསུངས་འདུག
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཁུལ་གྱི་(Royal Borough of Greenwich)་གྲོང་སྡེ་ལྷན་ཁང་མདུན་དུ། ཕྱི་ཟླ་༣ཚེས་༦ཉིན་གྲོང་སྡེའི་སྤྱི་ཁྱབ་པ་(Dominic Mbang)་ལགས་དབུ་བཞུགས་ཐོག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཧྥརཱ་སི་བསོད་ནམས་ཚེ་རིང་ལགས། དབྱིན་ཡུལ་བོད་རིགས་སྤྱི་མཐུན་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས། (Greenwich)་ས་ཁུལ་གྱི་བཀྲ་ཤིས་གླིང་བོད་རིགས་ཚོགས་པའི་ཚོགས་གཙོ་གཡུ་སྒྲོན་ལྷ་མོ་ལགས་སོགས་མཉམ་ཞུགས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་འདུག་ལ། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་(Dominic Mbang)་ལགས་ཀྱིས། དུས་སྐབས་འདི་ནི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནས་བཙན་བྱོལ་དུ་༧ཆིབས་སྒྱུར་མཛད་ནས་ལོ་ངོ་༦༥འཁོར་བའི་རྗེས་དྲན་གྱི་ཉིན་མོ་དེ་ཡིན་སྟབས། གྲོང་ཁྱེར་འདིའི་ངོས་ནས་བོད་མི་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་དང་། བོད་མི་ཚོར་ཉིན་ཞིག་རང་དབང་ཐོབ་ནས་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ཅིག་འབྱུང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག
གསུམ་བཅུའི་དུས་དྲན་ནི་༡༩༥༩ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་འབུམ་ཕྲག་གཅིག་ཙམ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་འཛམ་གླིང་ས་ཕྱོགས་མང་པོའི་ནང་བོད་མི་ཚོས་དྲན་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན་པ་དང་། འདི་ཚེས་༡༠་ཉིན་བོད་ཕྱི་ལ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥བ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་གི་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎