ནུབ་ཕྱོགས་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེའི་ལས་ཁུངས་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་འདུག

2024.03.08
ནུབ་ཕྱོགས་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེའི་ལས་ཁུངས་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་འདུག ཨ་རིའི་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་(El Cerrito)་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་(Tessa Rudnik)་ལགས་དབུ་བཞུགས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སྐབས། ༠༣།༠༦།༢༠༢༤
Sonam Tsering_TANC

དེ་ཡང་བོད་མི་གནས་ཡུལ་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་ནས་གཙོ་བོ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེའི་ལས་ཁུངས་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་སྲོལ་ཡོད་པ་ལྟར། འདི་ལོ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༥པ་སྲུང་བརྩི་ཞུ་བ་དང་བསྟུན། ཕྱི་ཟླ་༣ཚེས་༦ཉིན་ཨ་རིའི་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་(El Cerrito)་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་(Tessa Rudnik)་ལགས་དབུ་བཞུགས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་འདུག

སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་(Tessa Rudnik)་ལགས་ཀྱིས། ཁོང་གི་པཱ་ལགས་ལོ་ལྔ་བཅུའི་གོང་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུས་པ་དང་། དེའི་རྗེས་ལོ་ཉི་ཤུ་ཙམ་གྱི་གོང་ཁོང་ལ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་སོགས་གསུངས་ཏེ། ཁོང་དང་ཁོང་གི་ནང་མི་མཚོན་ན་བོད་དོན་ནི་རང་བཞིན་གྱིས་སྙིང་ཉེ་བའི་གནད་དོན་ཞིག་ཡིན་པ་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ད་རེས་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་འདིའི་ཐོག་བོད་པའི་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་སླེབས་འདུག་པ་འདིས་ང་ལ་དམིགས་བསལ་སྤོབས་པ་ཞིག་བྱུང་ཞེས་གསུངས་འདུག
Tibetan flag uk.jpg
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཁུལ་གྱི་(Royal Borough of Greenwich)་གྲོང་སྡེ་ལྷན་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སྐབས། ༠༣།༠༦།༢༠༢༤ - པར། གཡུ་སྒྲོན་ལྷ་མོ།

དེ་བཞིན་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཁུལ་གྱི་(Royal Borough of Greenwich)་གྲོང་སྡེ་ལྷན་ཁང་མདུན་དུ་ཕྱི་ཟླ་༣ཚེས་༦ཉིན་གྲོང་སྡེའི་སྤྱི་ཁྱབ་པ་(Dominic Mbang)་ལགས་དབུ་བཞུགས་ཐོག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཧྥརཱ་སི་བསོད་ནམས་ཚེ་རིང་ལགས། དབྱིན་ཡུལ་བོད་རིགས་སྤྱི་མཐུན་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས། (Greenwich)་ས་ཁུལ་གྱི་བཀྲ་ཤིས་གླིང་བོད་རིགས་ཚོགས་པའི་ཚོགས་གཙོ་གཡུ་སྒྲོན་ལྷ་མོ་ལགས་སོགས་མཉམ་ཞུགས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་འདུག་ལ། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་(Dominic Mbang)་ལགས་ཀྱིས། དུས་སྐབས་འདི་ནི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནས་བཙན་བྱོལ་དུ་༧ཆིབས་སྒྱུར་མཛད་ནས་ལོ་ངོ་༦༥འཁོར་བའི་རྗེས་དྲན་གྱི་ཉིན་མོ་དེ་ཡིན་སྟབས། གྲོང་ཁྱེར་འདིའི་ངོས་ནས་བོད་མི་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་དང་། བོད་མི་ཚོར་ཉིན་ཞིག་རང་དབང་ཐོབ་ནས་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ཅིག་འབྱུང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག

བཀྲ་ཤིས་གླིང་བོད་རིགས་ཚོགས་པའི་ཚོགས་གཙོ་གཡུ་སྒྲོན་ལྷ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། འདི་ལོ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༥པ་དེ་གཟའ་ཉི་མར་འཁེལ་ནས་གཞུང་གི་ལས་ཁུངས་ཁག་ངལ་གསོ་ཡིན་པར་བརྟེན། ང་ཚོས་ཚེས་༦གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཁུལ་གྱི་(Royal Borough of Greenwich)་གྲོང་སྡེ་ལྷན་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་ཡོད་པ་མ་ཟད། གྲོང་སྡེའི་སྤྱི་ཁྱབ་པས་བོད་དོན་ཐད་གཏམ་བཤད་ཡག་པོ་གནང་བ་སོགས་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཡག་པོ་བྱུང་བ་སོགས་འགྲེལ་བརྗོད་གནང་བྱུང་།
དབྱིན་ཡུལ་གྱི་(Greenwich)་གྲོང་སྡེ་དེའི་ནང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་དེ་ཕྱི་ལོ་༢༠༡༥ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱངས་རྗེས་འགོ་འཛུགས་ཞུས་པ་ཞིག་ཡིན་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎