གསུམ་བཅུའི་དུས་དྲན་སྐབས་དང་ས་བྱི་ཞི་རྒོལ་དུས་ཚེས་བསླེབ་ལ་ཉེ་བ་དང་བསྟུན་ལྷ་སར་ཞིབ་བཤེར་ལྟ་རྟོག་བྱེད་ཤུགས་ཆེ་རུ་གཏོང་བཞིན་འདུག
བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་དང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༣ཚེས་༡༤ ས་བྱི་ཞི་རྒོལ་གྱི་དུས་ཚིགས་སླེབས་ལ་ཉེ་བའི་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲ་ལམ་བཀག་འགོག་དང་། ཉིན་མཚན་བསྟུད་མར་ཉེན་རྟོག་པས་བོད་པ་འདུས་སྡོད་ཁུལ་དུ་ལྟ་བཤེར་དང་། དགོན་སྡེ་ཁག་ཏུ་དམག་མི་འགྲེམས་འཇོག་སོགས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་ནས་མིང་འབོད་མ་བྱེད་པའི་བོད་ནང་གི་བོད་མི་ཁག་ཅིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པ་བོད་ནང་གི་བོད་མི་ཞིག་གིས། ལྷ་སའི་ནང་ཕྱི་ཟླ་༣པའི་ཚེས་མགོ་ནས་བཟུང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་མགོ་ཚུགས་ཡོད་པ་བརྗོད་བྱུང་ལ། ཁོང་གིས། བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཡོང་མཁན་སྤྱི་དང་། ལྷག་པར་དུ་གནས་སྐབས་ལྷ་སར་སྡོད་ཆོག་པའི་ལག་འཁྱེར་བླངས་མེད་མཁན་ཚོར། དམིགས་བསལ་ཞིབ་བཤེར་དང་ལྟ་རྟོག་བྱེད་བཞིན་ཡོད་པ་བརྗོད་བྱུང་། གནས་ཚུལ་མཁོ་སྤྲོད་པ་ཁོ་རང་ཡང་ལྷ་ས་གྲོང་ཁྱེར་དང་ཅུང་ཙམ་ཐག་རིང་སའི་གྲོང་ཚོ་ཞིག་ཏུ་གནས་སྤོར་བྱས་ཀྱང་། མཚན་གུང་སོགས་ལ་ཉེན་རྟོག་པས་བོད་པ་འདུས་སྡོད་ཀྱི་ས་ཁུལ་ཁུག་གྱོག་ཁག་ཏུ་ཡང་སྐོར་སྲུང་དང་ལྟ་བཤེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་བྱུང་།
ལོ་ལྟར་རྒྱ་ནག་གཞུང་གིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་ལྟར། འདི་ལོ་ཡང་ཕྱི་ཟླ་༢ཟླ་མཇུག་ནས་བཟུང་ལྷ་ས་ཁུལ་དུ་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་སྦྱོང་དྲག་ཤུགས་ངོམས་སྟོན་ཆེད་དམག་སྦྱོང་བྱེད་ཤུགས་ཆེ་རུ་བཏང་འདུག་ཅིང་། ད་ལྟའི་ཆར་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་མཇལ་སྐོར་བར་སྒོ་ཕྱེ་ཡོད་ན་ཡང་། ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་པ་མ་ཟད་ངོ་སྤྲོད་ཡིག་ཆ་སོགས་ཅུང་ཙམ་མ་འགྲིག་པ་ཡོད་པ་དང་། ཡང་ན་ལྷ་སར་སྡོད་ཆོག་པའི་ལག་འཁྱེར་མེད་ཚེ་བཙན་ཁྲིད་དང་འདྲི་རྩད་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། ཕྱི་ལ་འགྲོ་རྒྱུར་འཚེར་སྣང་ཡོང་གཞི་ཞིག་ཆགས་ཡོད་སྐོར་གནས་ཚུལ་མཁོ་སྤྲོད་པ་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།
ཕྱི་ཟླ་༣ ཤར་མ་ཐག་ཏུ་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོབ་བཀོད་འདོམས་ལྟེ་གནས་སུ་ཆེད་བསྐྱོད་ཀྱིས། སྤྱི་ཚོགས་བདེ་འཇགས་ཆེད། ལྷ་ས་དང་། ལྷོ་ཁ། ཆབ་མདོ། མངའ་རིས་སོགས་ཀྱིས་བརྟན་ལྷིང་སྲུང་སྐྱོབ་གི་ལས་དོན་རྟོག་ཞིབ་དང་འབྲེལ། ཕྱི་ཟླ་༣པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་བ་དང་། ལས་དོན་ཚང་མར་དམ་འཛིན་ནན་པོ་བྱེད་དགོས་སྐོར་གྱི་གཏམ་བཤད་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག