བོད་ཀྱི་འབྲས་ནད་ཚོགས་པ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མིར་ངོས་འཛིན་གནང་ཡོད་པ།
2019.02.02

༄༅། །རྒྱ་གར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་ལྷག་དོན་འབྲས་ནད་ཐོག་ལ་སྔོན་འགོག་གི་ཕྱག་ལས་གནང་མཁན་Tibetan Cancer Society ཞེས་པའི་བོད་ཀྱི་འབྲས་ནད་ཚོགས་པ་དེ་ནི་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མིར་ངོས་འཛིན་གནང་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་གཉིས་རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་ཀྱི་འབྲས་ནད་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་བསྐོང་འཚོགས་གནང་སྟེ། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ལྔ་ཉིན་བོད་ཀྱི་འབྲས་ནད་ཚོགས་པ་ཞེས་པ་དེ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མིར་ངོས་འཛིན་གནང་བའི་སྐོར་གསལ་བསྒྲགས་གནང་ཡོད་པ་དང་། བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། ཕྱི་ཟླ་༣ པའི་ཟླ་མཇུག་ཏུ་རྒྱ་གར་དང་། རྒྱ་ནག་གཙོས་པའི་ཡེ་ཤེ་ཡ་འབྲས་ནད་འགོ་ཁྲིད་ཚོའི་ལྷན་ཚོགས་ཞེས་པའི་ཚོགས་འདུའི་ནང་བོད་ཀྱི་འབྲས་ནད་ཚོགས་པ་བོད་པའི་ངོ་ཚབ་ཀྱི་ཐོག་ནས་མཉམ་ཞུགས་གནང་སྟེ་བོད་པའི་སྤྱི་ཚོགས་ནང་འབྲས་ནད་དཀའ་ངལ་གྱི་གནས་སྟངས་སྐོར་རྒྱལ་སྤྱིའི་སྡིངས་ཆ་དེའི་ཐོག་བགྲོ་གླེང་གནང་སྟེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲད་བཞིན་པའི་འབྲས་ནད་ཀྱི་དཀའ་ངལ་རིགས་སེལ་ཐབས་བྱ་རྒྱུ་དང་འབྲས་ནད་ཚོགས་པ་གཞན་དང་མཉམ་ལས་གནང་སྟེ་འབྲས་ནད་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ལས་གཞི་ཡང་ཡོད་པའི་སྐོར་གསུངས་ཡོད་པ་རེད། གཞན་ཡང་ལོ་འདིའི་ཕྱི་ཟླ་༡༠པའི་ཚེས་༡༤ ནས་༡༦ བར་དབུས་ཨེ་ཤེ་ཡའི་རྒྱལ་ཁབ་Kazakhstan ནང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་སྟེང་གི་འབྲས་ནད་ཀྱི་འགོ་ཁྲིད་དང་། མཁས་དབང་༣༥༠ ཙམ་མཉམ་ཞུགས་གནང་གི་ཡོད་པ་དེར། བོད་ཀྱི་འབྲས་ནད་ཚོགས་པ་མཉམ་ཞུགས་གནང་སྟེ་འབྲས་ནད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་ཙམ་མ་ཡིན་པར་བོད་ཀྱི་གནད་དོན་ཡང་དྲིལ་བསྒྲགས་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། བོད་ཀྱི་འབྲས་ནད་ཚོགས་པར་འབྱུང་རྒྱུར་༢༠༢༠ཐམ་པའི་ལོར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་སྐབས་འོས་ཤོག་བླུགས་ཆོག་པའི་ཐོབ་ཐང་ཡང་ཡོད་པ་རེད།
བོད་ཀྱི་འབྲས་ནད་ཚོགས་པ་ནི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་༢༠༡༤ ལོར་གསར་འཛུགས་གནང་སྟེ་༢༠༡༥ ལོར་དངོས་སུ་ཁྲིམས་མཐུན་དེབ་སྐྱེལ་གནང་བ་ནས་བཟུང་ད་བར་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་རིན་མེད་དུ་འཕྲོད་བསྟེན་བརྟག་དཔྱད་ཐེངས་མང་གནང་བ་དང་། བོད་པའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག། གཞི་ཆགས་སོགས་ཀྱི་ནང་འཕྲོད་བསྟེན་སློབ་གསོའི་ལས་དོན་དང་ལྷག་དོན་འབྲས་ནད་སྔོན་འགོག་གི་ལས་དོན་སྣ་མང་སྤེལ་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན་དང་བློ་བཟང་དགེ་ལེགས།