བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཙོ་འདོན་བྱེད་དགོས།


2014.01.06
བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སློབ་ཕྲུག་རྣམས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིཊ་སློབ་ཕྲུག་ཚོར་ཐུག་འཕྲད་གནང་འདུག
དེ་ཡང་སི་པེན་བོད་ཁང་གི་འགན་འཛིན་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས།    དེང་སྐབས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་༥ཉིན་གྱི་ཕྱི་དྲོ་ཁུལ་དེའི་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུངས་བཤད་གནང་ཡོད་པ་རེད།    ཐུབ་བསྟན་དབང་ཆེན་ལགས་ཀྱིས་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་བོད་སྐད་རྒྱག་རྒྱུ་དང་། བོད་ཡིག་སྦྱོང་རྒྱུ་གཙོ་འདོན་བྱེད་དགོས་པ་དང་། མ་འོངས་པར་སོ་སོའི་མི་ཚེ་དེ་བདེ་སྐྱིད་དང་ལྡན་པ་ཞིག་གི་ཐོག་ནས་བསྐྱེལ་ཐབས་སུ།    ཆུང་དུས་ནས་སློབ་སྦྱོང་གི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་ཡིན་པ། དེ་དང་ཕྱོགས་མཚུངས་ཡ་རབས་བཟང་པོའི་སྤྱོད་པ་ལ་བརྟེན་དགོས་པ་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་གནང་ཡོད། ཁོང་གིས་མུ་མཐུད་དུ། བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་ཞབས་འདྲེན་མཁན་ཞིག་མི་ཆག་པ་དང་།    དུས་རྒྱུན་རང་གི་བསམ་བློའི་ནང་༧གོང་ས་མཆོག་གི་བཀའ་བཞིན་བསྒྲུབ་མཁན་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་། ད་དུང་སློབ་ཕྲུག་རྣམས་ནས་ཆང་རག་ཚད་མེད་འཐུང་རྒྱུ་དང་། ཐ་མག་འཐེན་རྒྱུ་སོགས་ཀྱི་གོམས་གཤིས་ངན་པ་མི་འཇགས་པ་བྱེད་དགོས་སྐོར་གསུངས་པ་དང་སྦྲགས།    ཆུང་དུས་ནས་འཕྲོད་བསྟེན་གྱི་ཐོག་ལ་ཡིད་གཟབ་བྱེད་དགོས་སྐོར་ཡང་གསུངས་སོང་།
སྐབས་དེར་ཕྲུ་གུ་ཚོའི་ཕ་མ་དང་། དགེ་རྒན་རྣམས་ནས་ཀྱང་ངོ་བཅར་ཞུས་ཡོད་པར་བརྟེན། ཕྲུ་གུའི་རྒྱུད་ལ་བག་ཆགས་བཟང་པོ་བསྐྲུན་རྒྱུ་ཕ་མ་དང་དགེ་རྒན་རྣམས་ཐད་ཀར་འབྲེལ་བ་ཡོད་པས། དུས་དང་དུས་སུ་ཡ་རབས་བཟང་སྤྱོད་དང་ལྡན་པའི་བསླབ་བྱ་གནང་དགོས་པ་དང་།    ཕྲུ་གུར་མིག་དཔེ་བཟང་པོ་བསྟེན་དགོས་སྐོར་གསུངས་སོང་། ཁོང་གིས་སྐབས་དེར་ད་དུང་།    ཁོང་རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བའི་བརྒྱུད་ནས་སློབ་ཕྲུག་རྣམས་ལ་སློབ་གསོ་གནང་སོང་བས་མ་ཚད། སློབ་ཕྲུག་གི་དྲི་བར་བཀའ་ལན་ཡང་གནང་ཡོད་པ་རེད། ཚེས༦ཉིན་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་ཐད་བཅར་འདྲི་བྱས་བ་རིམ་པས་དྲ་ཐོག་ལ་འགོད་རྒྱུ་ཡིན།
ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་ཡིག་སློབ་གྲྭའི་ནང་འཛིན་གྲྭ་རིམ་པ་བཞི་དང་། ཁྱོན་སློབ་ཕྲུག་༣༠ཙམ་ཡོད་པར། སློབ་ཕྲུག་རྣམས་རེས་གཟའ་ཉི་མ་ནམ་ཡིན་ལ་ཕྱི་དྲོ་ཆུ་ཚོད་༤ནས་༦བར་མཉམ་ཚོགས་ཀྱིས་བོད་ཀྱི་ཡི་གེ་འབྲི་ཀློག་དང་། བོད་སྐད་རྒྱག་རྒྱུའི་སྦྱོང་བརྡར་གནང་གི་ཡོད་པ་རེད།

གསར་འགོད་པ་པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎