བོད་མི་བྲོས་བྱོལ་བ་བདུན་འཇུ་བཟུང་བྱས་འདུག
2013.12.17
བོད་ནས་བལ་བོད་ས་མཚམས་བརྒྱུད་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་བདུན་བལ་ཡུལ་ས་མཚམས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། དེང་སང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་མིན་ལ་མ་བལྟོས་བར། བོད་མི་ཁག་གཅིག་བལ་བོད་ས་མཚམས་བརྒྱུད་ནས་བྲོས་བྱོལ་དུ་སྐྱབས་བཅོལ་དུ་ཡོང་ཐབས་བྱས་སྐབས་བལ་ཡུལ་མཐའ་སྲུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་ཚོ་བསྡོམས་པས་བོད་མི་བདུན་ཡོད་པ་རྣམས་ནི་བོད་ཤར་ཕྱོགས་ཨ་མདོ་ཁུལ་ཡིན་པ་རེད། ད་ལྟ་ཁོང་ཚོ་བལ་ཡུལ་གྱི་ནེ་པ་ལི་རྒན་ཇི་ཞེས་པའི་ས་ཁུལ་དུ་བལ་ཡུལ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་། མི་སྣ་དེ་དག་མགྱོགས་མྱུར་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་སྐྱེལ་ཐུབ་རྒྱུའི་ལས་དོན་བསྒྲུབ་བཞིན་པའི་སྐོར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བསོད་ནམས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག