སྤྱི་འཐུས་ཚོགས་གཙོ་མཆོག་ཨ་རིའི་ནང་མཛད་རིམ་ཁག་ཅིག་སྐྱོང་རྒྱུ།
2013.12.07
༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཕྱི་ཚེས ༦ ནས་ཨ་རིའི་ནང་མཛད་རིམ་ཁག་ཅིག་སྐྱོང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་༦ ཉིན་མེ་ནི་སོ་ཊ་དང༌། ཕྱི་ཚེས་༨ ཉིན་ཆི་ག་གོ་དང༌། དེ་ནས་མེ་ཌི་སོན་དུ་ཕེབས་ཐོན་གྱིས་བོད་རིགས་རྣམས་ལ་ལམ་སྟོན་གསུང་བཤད་གནང་རྒྱུ་དང༌། ཕྱི་ཚེས་༡༠་ཉིན་སླར་མེ་ནི་སོ་ཊར་ཕེབས་འབྱོར་གྱིས་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་༢༤ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ཉིན་མོ་འཁེལ་གྱི་ཡོད་སྟབས། དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་མ་ཟད། མེ་ནི་སོ་ཊའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཚེས་༡༡ ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས། འདི་ག་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་དང་བརྙན་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་༡༣ ཉིན་ཀ་ནེཀ་ཊི་ཀ་ཊིར་མངའ་སྡེར་ཕེབས་འབྱོར་གྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་རྗེས། ཕྱི་ཚེས་༡༤ ཉིན་ནིའུ་ཡོཀ་དང་། ཕྱི་ཚེས་༡༥་ཉིན་ཝར་མ་ཊི་ཁག་སོ་སོར་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་མི་མང་ལ་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག།