ས་ཡ་དྲུག་ལ་གྱོང་མི་རག་པའི་ཕྱག་ལས་གནང་རྒྱུའི་སྐུལ་མ་གནང་འདུག


2014.03.12
༧གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་སྐབས། 2014//3/11 ༧གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་སྐབས། 2014//3/11
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། འཇིགས་མེད།

༧གོང་ས་མཆོག་གིས་སྤྱི་འཐུས་རྣམ་པ་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་སྲུང་སྐྱོབ་དང་ས་ཡ་དྲུག་ལ་གྱོང་མི་རག་པའི་ཕྱག་ལས་གནང་རྒྱུའི་སྐུལ་མ་གནང་འདུག
དེ་ཡང་ཚེས༡༡ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་སྐབས། ༧གོང་ས་མཆོག་གིས་༢༠༡༡ལོ་ནས་བཟུང་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་སྲིད་སྐྱོང་ལ་རྩིས་འབུལ་གནང་ནས་བགྲེས་ཡོལ་ཆ་ཚང་ཕེབས་ཟིན་པར་བརྟེན་བླང་དོར་གྱི་བཀའ་སློབ་དམིགས་བསལ་གནང་རྒྱུ་མེད་སྐོར་བཀའ་གནང་པ་དང་། སྤྱི་འཐུས་རྣམ་པ་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་སྲུང་སྐྱོབ་དང་། འཕྲལ་ཕུགས་རྒྱང་གསུམ་ལ་བོད་མི་ས་ཡ་དྲུག་ལ་གྱོང་མི་རག་པའི་ཕྱག་ལས་གནང་དགོས་རྒྱུའི་སྐུལ་མ་གནང་ཡོད་པ་རེད། གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་འདི་བཞིན་བཙན་བྱོལ་གྲོས་ཚོགས་ཤིག་ཆགས་ཡོད་པ་དང་། མང་གཙོའི་ལམ་སྲོལ་ནང་དུ་མང་གཙོའི་ཀ་བ་གསུམ་ཞེས་བརྗོད་པ་ལྟར། གྲོས་ཚོགས་འདི་ཉིད་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པ་རེད། གཞན་ཡང་འཛིན་སྐྱོང་དང་། ཆེས་མཐོའི་ཁྲིམས་ཁང་བཅས་ཆེ་ཆུང་ལ་མ་ལྟོས་པར་མང་གཙོའི་ཀ་བ་གསུམ་ཚང་བ་བཅས་ཕལ་ཆེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཏེ་ཡག་ཐག་ཆོད་བྱུང་ཡོད་ཅེས་དང་། རྩ་བ་བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཧ་ལས་པ་ཞིག་ཡོད་པ་འདི་ཉིད་མ་བརླག་པའི་ཐོག་ནས་ལེགས་པར་འཛིན་སྐྱོང་བྱེད་ཐུབ་ན་བོད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་འདིའི་ཐོག་སླེབས་རྒྱུ་ཡིན་པ་དང་། ལྷག་པར་དུ་རྒྱ་རིགས་མི་མང་གི་ཁྲོད་དུ་ང་ཚོའི་བདེན་པར་རྒྱབ་སྐྱོར་བྱེད་མཁན་འདས་པའི་ལོ་འགའ་ཤས་ནང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས།  གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ནས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་། མདོར་ན་འཕྲལ་ཕུགས་རྒྱང་གསུམ་ལ་བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་ལ་གྱོང་མི་རག་པའི་ཕྱག་ལས་གནང་དགོས་རྒྱུ་དང་ཆབས་ཅིག་གཞི་ལུས་བོད་རྒྱ་ཆེའི་མི་མང་རྣམས་ད་ལྟ་རང་དབང་གི་ཐོག་ནས་དབུགས་གཏོང་རྒྱུ་ཡང་དཀའ་བའི་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད་པ་དེ་དག་ཇི་ལྟར་བྱས་ཏེ་སྐྱོབ་ཐུབ་པ་ཞིག་དང་། སྲུང་ཐུབ་ཐབས་ལ་གཙོ་བོ་རྒྱ་རིགས་རྒྱ་ཆེའི་མི་མང་གི་ཁྲོད་ནས་བོད་པར་ཤ་ཚ་དང་། གདུང་སེམས་མཉམ་སྐྱེད་བྱ་རྒྱུ་དེང་སྐབས་གང་འཚམ་ཡོང་བཞིན་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་སྟབས། སྤྱི་འཐུས་རྣམ་པ་ཚོས་དེ་དག་དགོངས་པར་བཅངས་ནས་ཧུར་ཐག་གནང་དགོས་སྐོར་བཀའ་ཕེབས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎