འཇིགས་མེད་ནོར་བུ་ལགས་ལ་རྗེས་དྲན།


2014.02.16
བོད་རང་བཙན་ཆེད་གོམ་བགྲོད་པ་སྲད་འཇིགས་མེད་ནོར་བུ་ལགས་སྐུ་གྲོངས་ནས་ལོ་གསུམ་འཁོར་བ།
པ་སངས་དོན་ལྡན།

༄༅།།བོད་རང་བཙན་ཆེད་མེ་ལི་(Mile)8700ལྷག་གོམ་བགྲོད་གནང་མཁན་སྲས་འཇིགས་མེད་ནོར་བུ་ལགས་སྐུ་གྲོངས་ནས་མི་ལོ་གསུམ་འཁོར་བ་དང་བསྟུན།ཨ་རིའི་རྒྱལ་སའི་མངའ་ཁུལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་15ཉིན་རྗེས་དྲན་གྱི་འདུ་འཛོམས་ཤིག་གནང་སོང་།དེ་ཡང་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་རྫོང་གི་དཔེ་མཛོད་ཁང་ཞིག་ཏུ་གོ་སྒྲིག་གནང་བའི་རྗེས་དྲན་གྱི་ལས་རིམ་དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུས་སྔོན་བསུས་ཏེ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཕེབས་མི་མང་ནས་བོད་བསྟན་སྲིད་ཆེད་རང་སྲོག་གློད་གཏོང་གནང་མཁན་རྣམ་གྱི་ཆེད་དུ་མྱ་ངན་གུས་འདུད་ཡང་གནང་ཡོད་པ་རེད།སྐབས་དེར་གཙོ་བོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་དང་མི་སྒེར་གྱི་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས།ཨ་རིའི་ནང་ཡོད་པའི་བོད་པའི་ཚོགས་སྒེར་རྣམས་ནས་བོད་དོན་ལས་འགུལ་སྤེལ་སྐབས། བསམ་བློའི་རྨངས་གཞི་ལ་འགྱུར་བ་བཏང་དགོས་པ་དང་།  ལས་འགུལ་སྤེལ་སྐབས་བོད་མི་ཞིག་ཡིན་བསམ་པ་ཙམ་མ་ཡིན་པར། ཨ་རིའི་བོད་མི་(American Tibetan)ཡིན་བསམ་པའི་འདུ་ཤེས་འཛིན་པའི་ཐོག འབྲེལ་ཡོད་དཔོན་རིགས་རྣམས་ལ་རང་གི་དབུ་ཁྲིད་ཡིན་བསམ་པའི་ཐོག་ནས་བོད་དོན་ཞུ་བཏུགས་ཀྱི་ལས་འགུལ་གནང་དགོས་སྐོར་གསུངས་སོང་། དེ་བཞིན་གཞོན་ནུ་ལྷན་ཚོགས་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་བསམ་པ་མ་ཡིན་པར། ཨ་རིའི་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་ཞིག་ཏུ་དགོངས་པ་བཞེས་དགོས་པ་དང་།  དེའི་བརྒྱུད་ནས་ཨ་རིའི་ནང་ཡོད་པའི་ཚོགས་པ་གཞན་ཁག་དང་འབྲེལ་བ་བྱེད་ནས་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས་སྐོར་གསུངས་སོང་།ཡང་རྗེས་དྲན་གྱི་འདུ་འཛོམས་དེའི་ཐོག་ད་དུང་།བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་གསུང་བཤད་གནང་སྐབས།ཚོགས་པ་སྒྲིག་འཛུགས་དང་གཞུང་གིས་གང་གནང་མིན་ལ་ལྟོས་མེད། བོད་མི་སྒེར་སོ་སོའི་འཇོན་ཐང་ལ་དཔག་པའི་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་སོང་།རྗེས་དྲན་གྱི་འདུ་འཛོམས་དེའི་སྐབས་ད་དུང་།སྲས་འཇིགས་མེད་ནོར་བུ་དམ་པ་ཁོང་གིས་བོད་རང་བཙན་ཆེད་ལས་འགུལ་སྤེལ་བའི་བརྙན་པར་ཁག་ཅིག་གཟིགས་འབུལ་ཞུས་སོང་བས་མ་ཚད།ཁོང་དང་མཉམ་དུ་ཐེངས་མང་ལས་འགུལ་ནང་བཞུགས་མྱོང་མཁན་རབ་བརྟན་རྒྱ་མཚོ་ལགས་ནས་རང་གི་མྱོང་ཚོར་སྐོར་གསུང་བཤད་ཡང་གནང་ཡོད་པ་རེད༎
གསར་འགྱུར་མཁོ་གཏོང་བ་པ་སངས་དོན་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎