དངོས་བྱུང་གློག་བརྙན་རྒྱལ་གཅེས་མཆོད་སྤྱིན།
2013.11.20
རྒྱལ་གཅེས་མཆོད་སྤྱིན་ཞེས་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་འགྲེམས་སྤེལ་དབུ་འབྱེད་གནང་འདུག
རྡ་སར་རྟེན་གཞི་གནང་བའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁུངས་སུ། འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་གློག་བརྙན་ནང་གི་མི་སྣ་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་གཉིས་ཀྱིས་གློག་བརྙན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག ཆབ་སྲིད་བཙོན་ཟུར་ཁོང་དེ་སྔོན་རྒྱ་གར་དུ་འབྱོར་རྗེས་བསྐྱར་དུ་བོད་ལ་ཕྱིར་ལོག་གནང་ནས་ཉེན་ཁར་མ་འཛེམས་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ལས་འགུལ་སྤེལ་བར་བརྟེན་རྒྱ་གཞུང་གིས་ཁོང་ལོ་གསུམ་རིང་བཙོན་འཇུག་བྱས་ཡོད་པ་རེད། ལྷ་མོ་སྐྱབས་ལགས་ཀྱིས་ཁོང་དེ་སྔོན་སློབ་གྲྭ་འགྲིམས་མྱོང་མེད་པའི་འབྲོག་པའི་ཕྲུ་གུ་ཞིག་ཡིན་ཡང་། ཕྱི་ལོ་༢༠༠༣ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་བོད་མིའི་གནས་སྟངས་མང་པོ་ཞིག་ཤེས་རྗེས། ༢༠༠༦ ལོར་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་ལ་ལོག་སྐབས་ལྷ་ས་ནས་ཉེན་རྟོག་པས་འཛིན་བཟུང་གིས་མནར་གཅོད་ཚད་མེད་བཏང་ཡོད་སྐོར་དང་། དེ་རྗེས་བཙོན་གྲོལ་ཐོབ་སྟེ་བསྐྱར་དུ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གྱིས་ཕྱིར་རྒྱ་གར་ལ་ཡོང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་འདུག།
གློག་བརྙན་དེར་རིང་ཚད་སྐར་མ་༢༦ ཡོད་པ་དང༌། གློག་བརྙན་གྱི་བརྗོད་དོན་གཙོ་བོ་ནི་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱི་མི་ཚེ་ལོ་རྒྱུས་ཡིན་པ་དང༌། དེའི་ནང་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཀྱང་ཡོད་པ་རེད། གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ཐེའུ་ཧེ་ཟིན་ལགས་ནི། དབྱིན་ཡུལ་དུ་གློག་བརྙན་བཟོ་སྐྲུན་མཐོ་སློབ་(National Film and Television School)ནས་སློབ་ཐོན་གནང་ཡོད་པ་དང། ཁོང་གིས་རྒྱ་གར་རྡ་རམ་ས་ལར་ཆར་ཤོད་ཆེ་བའི་དུས་ཚོད་སྐབས་སུ་བརྙན་འཕྲིན་པར་ལེན་གནང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།