ཀརྨ་པ་མཆོག་གིས་ཆེས་མཐོའི་རང་སྐྱོང་གི་དབུ་མའི་ལམ་ལ་རྒྱབ་སྐྱོར།
2014.04.04
ཀརྨ་པ་མཆོག་གིས་བོད་ལ་ཆེས་མཐོའི་རང་སྐྱོང་གི་ཐོབ་ཐང་རྩོད་གླེང་བྱེད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུང་འདུག
དེ་ཡང་ཀརྨ་པ་མཆོག་ལ་གསར་འགོད་པ་Dipanjan Roy Chaudhury ཡིས་བཅར་འདྲི་གནང་བ་The Economic Times ཞེས་པའི་ཐོག་བཀོད་སྤེལ་བྱས་པའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ཐོག་དགོངས་ཚུལ་ཇི་ཡོད་དང༌། བོད་མི་ཚོས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པར་རྒྱབ་སྐྱོར་གནང་གི་ཡོད་མེད་གསར་འགོད་པ་ས་བཀའ་འདྲི་ཞུས་པའི་ལན་དུ། ཀརྨ་པ་ མཆོག་གིས། བོད་ནི་རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་འོག་ཏུ་ཚུད་བསྡད་ཡོད་པར་སོང༌། རྒྱ་གར་དམངས་གཙོའི་རྒྱལ་ཁབ་ལྟར་མིན་པར། བོད་ནང་ཆོས་དད་ཀྱི་རང་དབང་མེད། རིག་གནས་གསར་བརྗེ་བྱུང་བའི་རྗེས། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་པའི་བོད་མི་མང་པོ་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་དགོས་ཆགས་པ་རེད། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡོང་བཞིན་པ་དེ་དག་ནི། འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འཛིན་པར་བོད་མི་ཚོའི་སེམས་ནང་རྨ་ཁ་ཆེན་པོ་ཆེན་པོ་བཟོས་ཡོད་པ་དེ་དག་ད་ཆ་བཟོད་སྒོམ་མ་ཐུབ་པར་ཕྱིར་ཐོན་པ་ཞིག་དང༌། འ་ཆད་འུ་ཐུག་གི་ངང་ནས་ཆོས་དད་རང་དབང་གི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པའི་གནས་ཚུལ་ཞིག་རེད་ཅེས་དང༌། ཡང་གསར་འགོད་པས། བོད་དོན་དཀའ་རྙོག་སེལ་ཐབས་སུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། དབུ་མའི་ལམ་ཞེས་བོད་ལ་དོན་དམ་གྱི་རང་སྐྱོང་ཐོབ་ཐང་དགོས་པའི་རྩོད་ལེན་གནང་བཞིན་པར་རྒྱབ་སྐྱོར་གནང་གི་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ། ཀརྨ་པ་རིན་པོ་ཆེ་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དེར་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད། ཁོང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་མ་ཟད། ངོས་ལ་ཕ་ལྟ་བུའི་གཅེས་སྐྱོང་གནང་མཁན་ཞིག་ཀྱང་ཡིན། རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཞིག་ཕྱིན་ཏེ། བོད་ཀྱི་གནད་དོན་ཐད་ལ་བསམ་བློ་བསྐྱར་མ་ཞིག་གཏོང་བའི་གནས་ཚུལ་ཡོང་སྲིད་པ་ཞིག་ཀྱང་རེད་ཅེས་བཀའ་ལན་གནང་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།