ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དབུ་འཛུགས་དང་ཡོ་རོབ་ཀྱི་བོད་མི་ཚོ་ཨི་ཊ་ལིར་འཛོམས་འཆར་འདུག
དེ་ཡང་འདི་ཚེས་༥ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ། ཐེ་ཝན་གྱི་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཐེ་པེ་ཁྲོམ་སྐོར་ཆེན་མོ་ཞེས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་འགོ་འཛུགས་གནང་ནས་ཚེས་༡༠ཉིན་བར་སྤེལ་འཆར་འདུག་ལ། སྐབས་དེར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Freddy Lim)་ལགས་དང་། ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཞོན་བཀྲ་ཤིས་ཚེ་རིང་ལགས་སོགས་གཙོས་ཁྱོན་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་ཡོད་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གཞན་ཡོ་རོབ་ཁུལ་གྱི་བོད་མིའི་ས་གནས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་གིས། ད་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་བཞིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་བའི་བརྗོད་ཚིག་འོག་ལས་འགུལ་གོ་སྒྲིག་གནང་གི་ཡོད་པ་དང་། དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གདན་ཞུ་གནང་བར་ལྟར། ཕྱི་ཚེས་༧ཉིན་ཨི་ཊ་ལི་རྒྱལ་ས་རོམ་དུ་ཕེབས་ཐོན་གནང་འཆར་འདུག
ཨི་ཊ་ལིར་མཉམ་རུབ་ཀྱི་ལས་འགུལ་དེ་སྤྱི་ཚེས་༩ཉིན་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་གི་ནང་། ཡོ་རོབ་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ། མཁས་དབང་ཁག་མཉམ་འཛོམས་ཀྱིས་བོད་དོན་གསུང་བཤད་གནང་རྒྱུ་དང་། དེའི་རྗེས་སུ་གསར་འགོད་ལྷན་ཚོགས་གནང་གཏན་འཁེལ་འདུག་ལ། ཉིན་དེར་ཨི་ཊ་ལིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་སྟེ། བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཤུགས་སྐྱོན་རྒྱུ་དང་། བོད་ནང་བོད་ཕྲུག་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭར་བཙན་དབང་གིས་བཅུག་ཡོད་པའི་གནས་སྟངས། བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་བཞིན་པ་བཅས་དོན་ཚན་གསུམ་གྱི་སྒོ་ནས་ཞུ་གཏུག་གནང་རྒྱུ་ཡིན་པ་ཨི་ཊ་ལི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཆོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།