བཙུན་མའི་ནུས་ཤུགས་གོང་འཕེལ་དང་འབྲེལ་བའི་ཟབ་སྦྱོང་།
2014.03.13
བཙུན་མའི་ནུས་ཤུགས་གོང་སྤེལ་དང་དགོས་མཁོ་ཁག་ལ་དཔྱད་ཞིབ་བྱ་རྒྱུའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་༡༢ཉིན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་ཤུགས་གོང་སྤེལ་ཚན་པས་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་ས་གནས་Uttrakhandདང་། ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙུན་དགོན་ཁག་གི་བཙུན་མ་རྣམས་ནུས་ཤུགས་གོང་སྤེལ་དང་། དེ་བཞིན་བཙུན་མའི་དགོས་མཁོ་ཁག་ལ་དཔྱད་ཞིབ་བྱ་རྒྱུའི་ཟབ་སྦྱོང་དེ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ས་སྐྱ་རིན་ཆེན་ཆོས་གླིང་བཙུན་དགོན་དུ་དབུ་འཛུགས་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། ཟབ་སྦྱོང་ནང་ཞུགས་མཁན་ས་སྐྱ་མཐོ་སློབ་དང་འབྲི་གུང་བསམ་གཏན་གླིང་བཙུན་དགོན། དེ་བཞིན་ཊོ་ལན་ཇི་བོད་གཞིས་སུ་རྟེན་གཞི་བྱས་པའི་རཏྣྰ་སྨན་གླིང་བཙུན་དགོན་དང་། དཔལ་སྤུངས་ཤེས་རབ་གླིང་སོགས་ནས་ཁྱོན་བཙུན་མ༣༣༠བརྒལ་བར་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག དེ་སྔ་ཟབ་སྦྱོང་སྤྲོད་ཐེངས་དང་པོར་ཕྱི་ལོ་༢༠༡༢ལོར་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་བཙུན་དགོན་ཁག་འདྲ་མིན་གྱི་བཙུན་མ་ཁྱོན་བསྡོམས་༢༧༥ལ་ཕུལ་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་སྐབས་ཀྱི་སློབ་སྟོན་པ་འབྲི་གུང་བཀའ་བརྒྱུད་བཙུན་དགོན་འགན་འཛིན་རྣམ་རྒྱལ་ལྷ་མོ་ལགས་དང་། འབྲི་གུང་བཀའ་བརྒྱུད་དགོན་པའི་མཁན་པོ་རང་གྲོལ་ལགས། སྨན་པ་བསོད་ནམས་དབང་མོ་ལགས། ༧སྐུའི་བླ་ཞབས་ཟུར་པ་བསྟན་འཛིན་ཟླ་སྒྲོན་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་སོགས་ཡིན་པ་མ་ཟད། འབྲེལ་ཡོད་ས་གནས་གཞིས་ལས་ཁང་གི་ལས་བྱེད་རྣམས་ཀྱང་ཕེབས་ཡོད་འདུག
གསར་འགོད་པ་འཆི་མེད།