བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་གནང་བ།
2016.02.21

༄༅།།ཨ་རིའི་མི་ཎི་སོ་ཊ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རང་སྔ་དྲོ་ཕྱག་ཚོད་༩པའི་ཐོག་མི་ཎི་ཡ་པོ་ལིས་ཀན་ཝེན་ཤན་སེན་ཊར་ཞེས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་དང་འབྲེལ། བོད་རྒྱལ་ལོ་༢༡༤༣ལོའི་ཆོས་འབྲེལ་ཐོག་མ་དེ་དབུ་འཛུགས་གནང་སོང་། ཆོས་འབྲེལ་གྱི་ཐོག་མ་སྔོན་འགྲོའི་བཀའ་སློབ་གནང་སྐབས། ༸མགོན་པོ་གང་ཉིད་སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ལོ་ལྟར་ཁུལ་དེར་རྟེན་གཞི་བྱེད་པའི་མ་ཡོ་སྨན་ཁང་དུ་ཕེབས་ཀྱི་ཡོད་པ་དང་། ད་རེས་ཀྱི་ཆིབས་བསྒྱུར་དེ་རྒྱུན་རིང་ཙམ་ཞིག་བཞུགས་རྒྱུའི་ཐུགས་ཐག་དེ་སྔ་ནས་བཅད་པ་ཞིག་ཡིན་སྐོར་བཀའ་གནང་སོང་། ༸གོང་ས་མཆོག་ནས་སྐབས་དེར་ད་དུང་། བོད་གཞིས་བྱེས་གཉིས་སུ་མཆིས་པའི་བོད་མི་རྣམས་ནས་རེ་བ་དང་ཡིད་ཆེས་བྱེད་ནས་ཡོད་དུས་བོད་བསྟན་སྲིད་ཀྱི་དོན་དེ་ནམ་ཡང་བརྗེད་ཐུབ་ཀྱི་མ་རེད། ཅེས་བཀའ་གནང་སོང་། འོན་ཀྱང་ཆབ་སྲིད་ཀྱི་ཐུགས་འགན་དེ་༢༠༡༡ལོར་ཆ་ཚང་རྩིས་སྤྲོད་ཟིན་སྐོར་བཀའ་གནང་བ་དང་སྦྲགས། དེ་ཡང་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་ན་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་དང་། མང་གཙོའི་ལམ་ལུགས་ཅན་དུ་ཕྱིན་པ་ཡིན་ན་བརྟན་པོ་དང་འཛམ་བུ་གླིང་སྤྱིའི་འགྲོ་སྟངས་དང་མཐུན་པ་ཡོང་རྒྱུ་ཡིན་སྐོར་བཀའ་སློབ་གནང་སོང་། ༸གོང་ས་མཆོག་ནས་སྐབས་དེར་ད་དུང་། བོད་ཀྱི་ཁོར་ཡུག་དང་བོད་ཀྱི་རིག་གཞུང་གོམས་གཤིས་མི་ཉམས་རྒྱུན་འཛིན་ཐོག་ཐུགས་འཁུར་མུ་མཐུད་ཆེ་བཞེས་མཛད་ཀྱི་ཡོད་པའི་ལམ་སྟོན་བཀའ་སློབ་གནང་སོང་། ཕྱོགས་མཚུངས་མགོན་པོ་གང་ཉིད་ནས་ཐུགས་འགན་གཙོ་བོ་གསུམ་བཞེས་ཀྱི་ཡོད་སྐོར་བཀའ་གནང་སོང་། སྔོན་འགྲོའི་བཀའ་སློབ་གྲུབ་རྗེས་ད་རེས་བསྩལ་རྒྱུའི་ཆེད་དུ་བྱ་བའི་གཞུང་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པ་རེད།།
གསར་འགོད་པ་པ་སངས་དོན་ལྡན།