༸གོང་ས་མཆོག་གིས། མཁས་དབང་དང་། ཚོང་ལས་པ། སྒྱུ་སྩལ་བ་སོགས་མི་སྣ་༥༠ཙམ་ཞིག་ལ་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་འདུག

2022.10.10
༸གོང་ས་མཆོག་གིས། མཁས་དབང་དང་། ཚོང་ལས་པ། སྒྱུ་སྩལ་བ་སོགས་མི་སྣ་༥༠ཙམ་ཞིག་ལ་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་འདུག ༸གོང་ས་མཆོག་གིས་སྐུ་ཞབས་Robert Thurmanལགས་སུ་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༠།༡༠
OHHDL

མཐུན་སྒྲིལ་དང་བྱམས་བརྩེ་གོང་མཐོར་འབྲེལ་བའི་ཚོགས་པ་སྟེ། (Harmonica Group) ཞེས་པའི་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་མི་རི་ཀ་དང་ཁེ་ན་ཌ། སི་པན། རྒྱ་ནག། ར་ཤི་ཡ་སོགས་རྒྱལ་ཁབ་༡༤ ནས་མཁས་དབང་དང་། ཚོང་ལས་པ། རྩོམ་པ་པོ། སྒྱུ་སྩལ་བ་སོགས་མི་སྣ་༥༠ ཙམ་ཞིག་ལ་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་འདུག

ལས་གཞི་དེ་གོ་སྒྲིག་གནང་མཁན་ལྕམ་Kate Siegel ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་དགོངས་པ་བཞིན། བྱམས་བརྩེ་གོང་མཐོར་ཡོང་རྒྱུའི་ཐད་འདས་པའི་མི་ལོ་༡༥ རིང་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས་ཡིན། ད་རེས་ང་ཚོ་ཚོགས་པས་གོ་སྒྲོག་བྱས་པའི་ལས་གཞི་དེའི་བརྗོད་བྱ་ནི་བྱམས་བརྩེ་ལྡན་པའི་འགོ་ཁྲིད་སྐྱེད་སྲེང་བྱ་ཐབས་ཞེས་པ་དེ་ཡིན། དེ་རིང་སྔ་དྲོ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཏེ། བཀའ་སློབ་ལམ་སྟོན་ཞུ་རྒྱུར་བྱུང་བར་ཧ་ཅང་གི་ངོ་མཚར་ཆེ་ཞིང་། སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཨ་མི་རི་ཀར་གནས་བཞུགས་ལྕམ་Kate Siegel ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཞག་གིས་བྱམས་བརྩེ་དང་སྤྱི་ཚོགས་འཆམ་མཐུན་དང་འབྲེལ་བའི་ལས་དོན་གཉེར་མཁན་གྱི་ཆེད་ལས་པ་ཞིག་ཡིན་པ་དང་། ཨ་རི་ནེའུ་ཡུག་ཏུ་གནས་བཞུགས་རྒྱལ་མཚན་རྡོ་རྗེ་ལགས་ཀྱིས་གཙོ་འགན་བཞེས་པའི་སྒོ་ནས་བོད་ཕྲུག་ཚོའི་ཤེས་ཡོན་གོང་འཕེལ་ཆེད་དུ་གསར་འཛུགས་གནང་བའི་རྗེ་ཙོང་ཁ་པའི་སློབ་ཡོན་ལས་གཞི་ཐོག་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་གྲས་ཤིག་ཡིན་འདུག

_SA13545.jpg

ཡང་ད་རེས་མཇལ་ཁའི་སྐབས། ཨ་མི་རི་ཀར་རྟེན་གཞི་བྱས་པའི་བོད་ཁང་གསར་འཛུགས་གནང་མཁན་གྱི་གྲས་མཁས་དབང་(Robert Thurman) ལྷན་བཅར་ཞུས་འདུག་ཅིང་། ཁོང་ནི་ད་རེས་རྡ་རམ་ས་ལར་ཕེབས་དགོས་དོན་གཙོ་བོ་ནི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༢༩ པའི་ཐོག་ཆེད་ཕེབས་གནང་ཡོད་འདུག ཁོང་གིས། ད་རེས་མཇལ་ཁའི་སྐབས།༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པ་དངོས་སུ་མཇལ་བྱུང་བས། ཧ་ཅང་གི་དགའ་ཚོར་བྱུང་། ༸གོང་ས་མཆོག་གིས། འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་ཡོང་བར་འབད་དགོས་པའི་གལ་གནད་སྐོར་དང་། ཕྲུག་གུ་ཆུང་དུས་ནས་བྱམས་བརྩེ་དང་ཆོས་ལུགས་ལ་མ་རྟེན་པའི་བཟང་སྤྱོད་སྐོར་སློབ་ཁྲིད་གནང་དགོས་པའི་གལ་གནད་སྐོར་ལམ་སྟོན་ཕེབས་སོང་། ལྷག་ཏུ་བྱམས་བརྩེ་ཉམས་ལེན་བྱས་པའི་བརྒྱུད་་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པའི་དཔེ་མཚོན་ཡག་ཤོས་ཤིག་ནི་༸གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་ཆགས་ཀྱི་ཡོད། ཁོང་གི་བྱམས་བརྩེ་རང་བཞིན་གྱི་བཀའ་སློབ་ལམ་སྟོན་གྱིས། འགྲོ་བ་མི་མང་པོ་ཞིག་ལ་བློ་སྟོབས་གསར་པ་སྦྱིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

མཁས་དབང་Robert Thurman ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་དོམ་པ་ཞུ་མཁན་ཨ་རི་བ་མི་སྣ་མཐོ་མ་དེ་ཡིན་པ་མ་ཟད། ཁོང་ནི་བོད་ཀྱི་ནང་ཆོས་དང་རྒྱ་གར་གྱི་རིག་གཞུང་ལ་མཁས་པ་ཆེན་པོ་ཞིག་ཡིན་པས། སྤྱི་ལོ་༢༠༢༠ལོར་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ཏེ། Padma Shri ཕུལ་ཡོད་པ་རེད། ད་རེས་མཇལ་ཁའི་སྐབས་། ཁོང་གིས་གཟེངས་རྟགས་དེ་༸གོང་ས་མཆོག་ལ་སྦྱན་འབུལ་ཞུས་ཡོད་འདུག

ཡང་རིང་མིན་སྤྱི་ཟླ་༡༠ པའི་ཚེས་༡༢ ནས་༡༣ བར་ཉིན་གྲངས་༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༢༩ པ་དེ་ཚོགས་ཀྱི་ཡོད་པ་རེད།  ད་རེས་ལྷན་ཚོགས་ཐོག་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་དང་སྤྱི་ཚོགས་ཀྱི་འབྲེལ་ལམ་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་བགྲོ་གླེང་གནང་གི་ཡོད་འདུག 

 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎