རྒྱ་ནག་གཞུང་གིས་བོད་མིའི་བསམ་བློ་ནམ་ཡང་དབང་བསྒྱུར་བྱེད་མི་ཐུབ།
2020.01.11

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་StratNews Global ཟེར་བའི་གསར་སྤེལ་ཁང་གི་རྩོམ་སྒྲིག་འགན་འཛིན་Nitin Gokhale ལགས་ཀྱིས་བཅར་འདྲི་དགོངས་སྐོར་ཞུས་པ་ཞིག་ཕྱི་ཟླ་༡ཚེས་༡༡ རེས་གཟའ་སྤེན་པའི་ཉིན་གོང་ཞུས་གསར་ཁང་དེ་ཉིད་ཀྱི་དྲ་ཚིགས་སྟེང་འདོན་སྤེལ་གནང་འདུག་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་པའི་སེམས་ཤུགས་ནི་ནམ་ཡང་ཉམས་པ་མེད་ལ། སྤྱི་ལོ་༡༩༥༠ ཙམ་ནས་ད་བར་བོད་པའི་མི་རབས་བརྗེ་པོ་ཐེབས་ཡོད་ཀྱང་། ད་ལྟའི་མི་རབས་གསར་པ་ཚོ་ཡང་དེ་སྔ་མི་རབས་ཚོ་ནང་བཞིན་སེམས་ཤུགས་ཞུམ་པ་མེད་པའི་ངང་གནས་ཡོད། དེར་བརྟེན་ཕྱི་གཟུགས་ཀྱི་ཆ་ནས་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་མིའི་བསམ་བློ་དང་སྙིང་སྟོབས་ནམ་ཡང་དབང་བསྒྱུར་བྱེད་མི་ཐུབ་ཅེས་དང་། བོད་པའི་སྙིང་སྟོབས་དེ་ཡང་དཔལ་ནཱ་ལེན་ཌའི་རིག་གཞུང་བཟང་པོ་དང་ཟུང་དུ་འབྲེལ་ཡོད་པས། དེར་ནུས་སྟོབས་ཆེ། དེང་སྐབས་རྒྱ་ནག་ནང་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་དང་རྗེས་སུ་འབྲང་མཁན་རྒྱ་རིག་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་རྒྱ་ནག་གིས་གོ་མཚོན་བརྒྱུད་ནས་བོད་མིར་དྲག་གནོན་བྱེད་ཀྱི་ཡོད་པ་བཞིན། ང་ཚོས་རིག་གཞུང་བཟང་པོ་དེ་དག་བརྒྱུད་ནས་རྒྱ་མིའི་སེམས་ཁམས་ལ་ཤུགས་རྐྱེན་སྤྲོད་ཐུབ། ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན། རྒྱ་མིའི་གོ་མཚོན་སྟོབས་ཤུགས་ལས་ང་ཚོའི་རིག་གཞུང་བཟང་པོ་དེ་དག་གི་ནུས་སྟོབས་ཆེ་བ་ཡོད་པ་བརྒྱ་ཆ་བརྒྱ་རེད་ཅེས་བཀའ་ལན་བསྩལ་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་StratNews Global ཞེས་པའི་གསར་སྤེལ་ཁང་གི་རྩོམ་སྒྲིག་འགན་འཛིན་ལྷན་དུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་། མགོན་པོ་གང་ཉིད་མཆོག་གི་སྐུའི་ཡང་སྲིད་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་གོང་ཞུས་གསར་སྤེལ་ཁང་དེ་ཉིད་ཀྱིས་གནས་ཚུལ་སྤེལ་འདུག།