༧གོང་ས་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་འཆར།


2014.01.08
བོད་ཀྱི་དུས་སྟོན་ཆེད་གསར་འགོད་ལྷན་ཚོགས། ༧གོང་ས་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་འཆར།
པར། ཀརྨ་ཡེ་ཤེས།

༧གོང་ས་མཆོག་མི་རིང་བར་རྒྱ་གར་Guwahatiགྲོང་ཁྱེར་ལ་ཕེབས་ནས་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་འཆར་འདུག
དེ་ཡང་རིང་མིན་སྤྱི་ཟླ་༢པའི་ཚེས་༢ནས་༦བར་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ་Guwahatiགྲོང་ཁྱེར་ལ་ཡོད་པའི་ Kalakshetraཞེས་པའི་ལྟེ་གནས་སུ་ མངའ་སྡེ་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག ཉིན་གྲངས་ལྔའི་རིང་བོད་ཀྱི་སྒྱུ་རྩལ་དང་། རིག་གཞུང་དུས་སྟོན་ཐེངས་དང་པོ་དེ་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད། དུས་སྟོན་ཐོག་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆེད་ཕེབས་གནང་གཏན་འཁེལ་ཞིང་དུས་སྟོན་དབུ་འབྱེད་གནང་རྒྱུ་ཡིན་འདུག
དེ་ནི་༢༠༠༩ལོར་གོང་ས་མཆོག་རྒྱ་གར་བྱང་ཤར་Tawang ཁུལ་དུ་ཆོས་འབྲེལ་བསྐྱངས་པའི་རྗེས་ཁུལ་དེའི་ནང་ཆིབས་བསྒྱུར་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། བོད་ཀྱི་དུས་སྟོན་སྐབས་བོད་དོན་པར་རིགས་འགྲེམས་སྟོན་དང་། སྒྱུ་སྩལ་གྱི་འགྲེམས་སྟོན། དངོས་བྱུང་གློག་བརྙན་གཟིགས་འབུལ། བོད་གཞུང་ཟློས་གར་ཚོགས་པའི་འཁྲབ་སྟོན་གཟིགས་འབུལ  དེ་བཞིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་སྐུ་མགྲོན་རྣམ་པས་གཏམ་བཤད་དང་བགྲོ་གླེང་སོགས་གནང་རྒྱུ་ཡིན་འདུག
དེ་སྔོན་གོང་ས་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཆིབས་བསྒྱུར་གནང་སྐབས་རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱས་ཡོད་པར་བརྟེན། ད་རེས་ཀྱང་རྒྱ་ནག་གཞུང་གིས་དེ་མཚུངས་འགག་པ་བྱ་རྒྱུ་ངེས་པར་སོང་། དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གོང་ས་མཆོག་རིང་མིན་རྒྱ་གར་བྱང་ཤར་ཁུལ་དུ་ཆིབས་བསྐྱུར་བསྐྱང་གནང་མཛད་རྒྱུ་དེ་བཞིན་ཁུལ་དེ་དང་བོད་དབར་ལོ་རྒྱུས་ཐོག་རིག་གཞུང་གི་མཐུན་འབྲེལ་གཏིང་ཟབ་ཡོད་པ་དེ་དག་སྐྱར་ནན་ཞུ་ཆེད་བོད་ཀྱི་དུས་སྟོན་ཐོག་ཆེད་ཕེབས་གནང་རྒྱུ་ཡིན་པ་ལས་  ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པར་སོང་། རྒྱ་ནག་གཞུང་བློ་དོགས་བྱེད་དགོས་མེད་པ་བཤད་འདུག
ད་དུང་གྲོང་ཁྱེར་Guwahati ནང་གི་བོད་ཀྱི་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོར་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཡང་ཕེབས་བཅར་ཞུ་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎