སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་དགོས།
2017.01.09

༧གོང་ས་མཆོག་གིས་བོད་དང་སོག་པོའི་དབར་གྱི་འབྲེལ་བ་ནི་ནང་ཆོས་མ་དར་གོང་གི་འབྲེལ་བ་ཡིན་པ་གསུངས་གནང་འདུག
ཕྱི་ཟླ་༡་ཚེས་༩་ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་གདན་དུ། སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཡན་ལག་བྷཏ་ས་གྷཱལ་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྐབས། སོག་ཡུལ་ནང་གི་བསྟན་པ་ཉམས་པ་སླར་གསོ་ཡོང་རྒྱུར་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་དང་གྲུབ་པ་ཉམས་ལེན་བྱེད་པ་བརྒྱུད་ནས་བྱེད་དགོས་པ་ལས་དགོན་པ་དང་ལྷ་ཁང་བཞེངས་པའི་ཐོག་ནས་ཡོང་རྒྱུ་མིན་པ་བཀའ་གནང་ཡོད་པ་རེད།
སོག་པོའི་དགོན་པ་དབུ་འབྱེད་མ་གནང་གོང་དུས་འཁོར་གྱི་གྲུབ་བཞག་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་སོག་ཡུལ་ནས་མི་གྲངས་སྟོང་ཕྲག་འགའ་ཤས་བཅར་བའི་ཁོངས་སུ་སོག་པོ་དགའ་ལྡན་དགོན་པའི་མཁན་པོ་ཆོས་ཀྱི་རྒྱ་མཚོ་ཡང་ཆེད་ཕེབས་གནང་འདུག་ཅིང་། དགོན་པ་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་དང་སོག་པོའི་དབར་གྱི་འབྲེལ་བ་ནི་ནང་ཆོས་མ་དར་གོང་གི་འབྲེལ་བ་ཞིག་ཡིན་པ་དང་། རིག་གཞུང་དང་སྤྱི་ཚོགས། ཆོས་ལུགས་བཅས་ཀྱི་འབྲེལ་བ་ཧ་ཅང་དམ་ཟབ་ཞིག་ཡོད་པ་བཀའ་གནང་པའི་ཐོག་དམིགས་བསལ་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་མཆོག་དང་ཐོུང་མ་ཡིན་པའི་འབྲེལ་བ་ཞིག་བྱུང་ཏེ། ཏཱ་ལའི་བླ་མ་ཞེས་པའི་མཚན་དེ་ཡང་སོག་ཡུལ་ནས་བྱུང་བ་ནས་བཟུང་ཆོས་དད་ཀྱི་འབྲེལ་བ་གཏིང་གཟབ་ཞིག་བྱུང་ཞིང་། སོག་པོའི་མི་དམངས་ཀྱི་དད་པ་ནི་ཧ་ལས་པའི་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྔར་སོག་ཡུལ་ནང་སངས་རྒྱས་ཀྱི་བསྟན་པ་ཤུགས་ཆེ་དར་བ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་མང་པོ་ཞིག་བྱོན་ཡོད་ཀྱང་། དུས་ཕྱིས་སོག་ཡུལ་གྱི་རང་བཙན་ཤོར་སྟེ། སངས་རྒྱས་ཀྱི་བསྟན་པར་ཉམས་ཆགས་ཆེན་པོ་ཕྱིན་ཡོད་པ་བཀའ་གནང་པ་དང་སྦྲགས། ད་ཆ་སོག་ཡུལ་རང་བཙན་ཐོབ་སྟེ། སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་འབད་བརྩོན་བྱེད་བཞིན་པའི་དུས་འདིར། བོད་མི་ཚོ་བཙན་བྱོལ་བ་ཆགས་སྟེ་གནས་ཡོད་ན་ཡང་། མཉམ་ཟ་མཉམ་འཐུང་གི་རྣམ་པའི་ཐོག་ནས་སོག་ཡུལ་ནས་གཙོ་ཆེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་སེ་རྭ་བྱེས་པ་གྲྭ་ཚང་བཅས་ཀྱི་ནང་གྲྭ་རྒྱུན་བརྒྱ་ཕྲག་འགའ་ཤས་སློབ་གཉེར་བྱ་རྒྱུར་མཐུན་རྒྱུར་སྦྱོར་བཞིན་ཡོད་པ་བཀའ་གནང་ཞིང་། སློབ་གཉེར་བ་དེ་དག་གི་ངོས་ནས་དཔེ་ཆ་སློབ་གཉེར་མཐིལ་ཕྱིན་པ་ཞིག་བྱེད་དེ། སོག་ཡུལ་གྱི་ནང་དྲི་མ་མེད་པའི་བསྟན་པ་ཉམས་པ་སླར་གསོའི་ཆེད་ཞབས་འདེབས་ཞུ་རྒྱུར་འབད་དགོས་པ་དང་། དེ་ལྟར་བྱེད་པའི་ཁུར་ཡོད་པ་རྟག་ཏུ་བསོམ་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
སོག་ཡུལ་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་བསྟུན་ཉིན་གུང་ལྗགས་སྨིན་མཆོད་བཞེས་དང་། དེ་ནས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་གྲུབ་ལེགས་པར་ཟིན་པར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་བ་མཚོན་ཆེད་རྣམ་གྲྭ་དགེ་འདུན་པ་རྣམས་ནས་མཆོད་གར་དང་། བོད་ཀྱི་ཟློས་གར་ཚོགས་པ་གཙོས་པའི་ཕྱི་ནང་གི་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་སྐུ་ཚབ་ཁག་ནས་རང་རང་སོ་སོའི་ཡུལ་ལུང་གི་གཞས་དང་ཞབས་གྲོའི་མཆོད་པ་ཕུལ་ཡོད་པ་རེད།
དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་ཚོགས་གཞོན་ཆོས་སྐྱོང་དབང་ཕྱུག་ལགས་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་པ་དེའི་སྐབས། ད་བར་ཆོས་ཞུ་བའི་གྲངས་འབོར་འབུམ་གཉིས་ལྷག་བརྒལ་ཟིན་པ་དང་། བལ་ཡུལ་དང་འབྲུག་ཕུད་པའི་དེ་མིན་ཕྱིའི་ཡུལ་གྲུ་༩༢་ཙམ་ནས་ཆོས་ཞུ་བ་མི་གྲངས་བརྒྱད་སྟོང་ཙམ་ཕེབས་ཡོད་པ་དང་། དེའི་ཁོངས་ནས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་མཁན་ཆིག་སྟོང་ལྷག་ཡོད་པ་གསུངས་ཡོད་པ་རེད།
ཕྱི་ཚེས་༡༠་ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྟ་གོན་གྱི་རིམ་པ་ཁག་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།