༧གོང་ས་མཆོག་ནས་མ་མཐར་དགུང་གྲངས་༡༠༠བར་དུ་བཞུགས་རྒྱུའི་ཞལ་བཞེས་གནང་བ།


2017.01.14
༧གོང་ས་མཆོག་ནས་དགུང་གྲངས་༡༠༠བར་དུ་བཞུགས་རྒྱུའི་ཞལ་བཞེས་གནང་བ། བི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ Nitesh Kumar མཆོག་རྡོ་རྗེ་གདན་དུ་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །དེ་རིང་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བཅར་མཁན་གྱི་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནས་སྩལ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་ལམ་ནང་དང་དེ་བཞིན་ལུང་བསྟན་ཁག་གཅིག་གི་ནང་དགུང་གྲངས་བརྒྱ་དང་བཅུ་གསུམ་བར་བཞུགས་ཐུབ་རྒྱུ་གསལ་ཡོད་ན་ཡང་། དགུང་གྲངས་བརྒྱ་སྐོར་བཞུགས་རྒྱུ་ཡིན་པ་ཐག་ཆོད་རེད་ཅེས་༧སྐུ་ཚེ་རིང་དུ་བཞུགས་རྒྱུའི་ཞལ་བཞེས་མཛད་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནས་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་ཡོང་འདོད་ཡོད་པའི་མི་མང་པོ་ཞིག་འགྲོ་རྒྱུར་བཀག་འགོག་བྱས་པར་མ་ཟད། རྒྱ་ནག་གི་དཔོན་རིགས་འགའ་ཤས་ཀྱིས་དུས་འཁོར་དབང་ཆེན་ཞུ་བར་འགྲོ་རྒྱུ་དེ་ཁྲིམས་འགལ་ཡིན་ལུགས་བཤད་ཡོད་པས། ཁྲིམས་འགལ་དུ་ངོས་བཟུང་བའི་ཁྲིམས་དེ་ནི་དཔོན་རིགས་དེ་དང་དེའི་བློ་ལ་མ་བབས་པ་ཙམ་ཡིན་པ་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་རྒྱ་ནག་གིས་རྒྱུན་དུ་འཆམ་མཐུན་དགོས་ལུགས་བརྗོད་བཞིན་པ་དང་ཡོངས་སུ་རྒྱབ་འགལ་ཡིན་པར་མ་ཟད། འཆམ་མཐུན་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུའི་བྱ་སྤྱོད་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་ནང་ཁུལ་ཆོལ་ཁའི་ཐེན་འཁྱེར་དང་ཆོས་ལུགས་ཀྱི་ཐེན་འཁྱེར་བྱེད་རྒྱུ་མེད་ལ། གཞི་རྩ་རྒྱ་ནག་གཞུང་གིས་བོད་མི་ཚོར་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་པར་བརྟེན། བོད་མི་ཚོར་ཁག་མེད་པ་ལྟ་བུ་ཡིན་ཡང་བོད་མི་ཚོས་རྒྱ་རིགས་དང་བོད་རིགས་ཞེས་པའི་དབྱེ་འབྱེད་ཀྱང་བྱེད་རྒྱུ་མེད་པའི་བཀའ་སློབ་ཕེབས་ཡོད་པ་རེད།  ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་བརྒྱུད་ནང་བསྟན་དབར་བསྟན་པ་འགལ་མེད་དུ་གཟིགས་ཐུབ་པ་གནང་དགོས་པ་ལས། ཆོས་ལུགས་ཀྱི་མིང་གི་ཐོག་ནས་ཐེན་འཁྱེར་རྩ་བ་ནས་བྱེད་མི་རུང་བའི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད།
དམིགས་བསལ་ཆོས་ཞུ་བ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ཉིན་གྲངས་མང་པོའི་རིང་བཀའ་སློབ་རྒྱུན་མི་ཆད་པ་ཕེབས་པ་བཞིན། དེ་རིང་ཡང་མང་ཚོགས་ཆོས་ཞུ་བ་རྣམས་ལ་རང་དང་གཞན། ཁྱིམ་ཚང་དང་སྤྱི་ཚོགས། འཛམ་གླིང་ཞི་བདེ་བཅས་ཀྱི་འབྱུང་རྩ་ནི་གཞན་ཕན་དང་བརྩེ་སེམས་ཡིན་པས། བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་གོམས་འདྲིས་བྱེད་དགོས་པ་གལ་ཆེ་ཡིན་པ་བཀའ་གནང་པ་དང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ཞེས་པ་ཕལ་སྐད་དུ་བརྗོད་ན། སྤྱི་སེམས་ཟེར་བ་དེ་ཡིན་པས། སྤྱི་སེམས་ནི་ཆོས་ཕྱོགས་ཙམ་མིན་པར་མི་སྒེར་གྱི་མི་ཚེ་དང་སྤྱི་ཚོགས་ཀྱི་གནས་སྟངས་གང་གི་ཆ་ནས་ཀྱང་མཐུན་ལམ་བསྐྲུན་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མདོ་དོན་རང་དོན་གྲུབ་ན་ཡང་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་གྲུབ་པར་ཡང་བྱང་ཆུབ་ཀྱི་སེམས། འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་པོ་ཡོང་རྒྱུ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་དགོས་པ་གསུངས་ཡོད་པ་རེད།
དེ་རྗེས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་ཞུགས་ཐོག་བོད་ལྗོངས་ལྷ་མི་བཟུང་འབྲེལ་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་ཤིང་། གནས་ཆུང་ཆོས་སྐྱོང་ཆེན་པོ་དང་གཉེན་ཆེན་ཐང་ལྷ་སྐུ་ཕེབས་ཀྱང་གནང་ཡོད་པ་རེད།

དེ་བཞིན་བརྟན་བཞུགས་ཀྱི་མཛད་འཆར་གྲུབ་རྗེས། གནས་མཆོག་རྡོ་རྗེ་ཆགས་ཡུལ་བི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ Nitesh Kumar མཆོག་རྡོ་རྗེ་གདན་དུ་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་མངའ་སྡེའི་བློན་ཆེན་ལ་དུས་དབང་སྐབས་གང་ཅིའི་མཐུན་རྒྱུར་གནང་པར་བཀྲིན་ཆེ་ཞུས་གནང་ཤིང་།  ཡང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གློག་བརྙན་འཁྲབ་མཁན་སྐུ་ཞབས་རི་ཆརཌ་གྷི་ཡར་ལགས་ཀྱིས་བོད་ནས་ཕེབས་པའི་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་དག་ཀྱང་དངངས་འཚབ་འོག་གནས་དགོས་པ་བཟོས་པ་དང་། བོད་མི་མང་པོ་ཞིག་བོད་དུ་མགྱོགས་མྱུར་ཕྱིར་ལོག་བྱ་དགོས་བྱུང་བ་བཟོས་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད། ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ ནི་ཏེཤ་ཀུ་མར་མཆོག་གིས། ༧གོང་ས་༧སྐྱབས་མགོན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྔ་རྗེས་ཐེངས་ལྔ་བསྩལ་མཛད་པར་བཀྲིན་ཆེ་ཞེས་ཞུས་པར་མ་ཟད།  རྒྱ་གར་ནང་ནང་ཆོས་སླར་གསོ་ཡོང་རྒྱུར་བི་ཧར་མངའ་སྡེའི་ཐོག་ནས་དམིགས་བསལ་ལས་འཁུར་བླངས་རྒྱུ་ཡིན་པ་གསུངས་ཤིང་། ལྷག་པར་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་གནང་གསོལ་འདེབས་ཞུས་པར། ༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་སླར་ཡང་ཞལ་བཞེས་མ་གནང་གོང་མངའ་སྡེའི་ངོས་ནས་༧གོང་ས་མཆོག་མགུན་ཆམ་མི་བཞེས་རྒྱུའི་ཞལ་བཞེས་གནང་དགོས་ཀྱི་རེད་ཅེས་ཞལ་ཞོག་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངོས་ནས་རྒྱ་གར་ཁྱོན་ཡོངས་ནང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་དང་དར་སྤེལ་ཡོང་ཐབས་ཐད་འབད་བརྩོན་གནང་པ་དེ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཡང་། དགོན་པ་དང་ལྷ་ཁང་བཞེངས་པ་ཙམ་གྱིས་བསྟན་པ་དར་སྤེལ་མི་ཡོང་བར་གཙོ་བོ་སྔར་གྱི་རྒྱ་གར་གྱི་པན་གྲུབ་ཚོས་མཛད་པའི་ལྟ་གྲུབ་ཁག་ལ་སློབ་སྦྱོང་བྱེད་པ་ཁོ་ནའི་ཐོག་ནས་བསྟན་པ་ཉམས་གསོ་འབྱུང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་ལ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཤར་མོན་ནས་ནུབ་ལ་དྭགས་བར་དང་བལ་ཡུལ་དང་འབྲུག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ཡང་སངས་རྒྱས་ཀྱི་ཆོས་ལ་ངེས་པར་སློབ་སྦྱོང་བྱ་དགོས་པའི་སྐུལ་མ་མཛད་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཚེས་ ༡༦ ཉིན་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎