དགུ་འགྲུབ་ནས་རང་ལུས་མེར་བསྲེཊ།
2012.10.04
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་༡༠ཚེས་༤རེས་གཟའ་ཕུར་བུའི་ཉིན་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ཞུ་བ་ཞིག་གིས་བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པ་དང་། ཕུང་པོ་རྒྱ་ནག་གཞུང་གིས་ནང་མིར་རྩིས་སྤྲད་མི་འདུག
འབྲི་རུ་དགུ་འགྲུབ་ནས་སྤྱི་ཚོགས་དྲ་གནས་ཐོག་ཁ་ཆེམས་ཡི་གེ་ཞིག་བཞག་པ་དེའི་ནང་ཇི་ལྟར་འཁོད་དོན།
༼སྤུན་ཟླའི་བརྩེ་སེམས།
ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོ་ང་ཚོས་འདས་སོང་ལ་ཕྱིར་མིག་ཞིག་བལྟས་ཚེ། ཕངས་སེམས་དང་ཁོག་ཁྲོ་སྐྱོ་གདུང་དང་མིག་ཆུ་ཞིག་ལས་དགའ་སྤྲོའི་རྣམ་པ་མ་མཐོང་ཀྱང་། མདུན་ནས་བསུ་བའི་ཆུ་འབྲུག་གནམ་ལོ་གསར་ཚེས་འདིའི་ནང་ནས་ཁྱེད་རྣམས་སྐུ་ཁམས་བདེ་ཐང་དང་བྱ་བ་ལམ་འགྲོ་རེ་སྒུག་མངོན་འགྱུར་ཡོང་བའི་སྨོན་འདུན་ཡང་ཡང་ཞུ་བ་དང་ཆབ་ཅིག་ཁྱེད་རྣམས་ཀྱིས་རང་རིགས་ཀྱི་སྤོབས་པ་གཟེངས་སུ་བསྟོད་དེ། རང་ཕྱོགས་སུ་ཕམ་ཁ་དང་གྱོང་གུད་ཅི་ཙམ་བྱུང་ཡང་བློ་སྟོབས་མ་ཉམས་པའི་སྒོ་ནས་ཆིག་སྒྲིལ་ལ་འབད་འབུང་དམ་ཟབ་ཡོང་བའི་རེ་བ་ཤིན་ཏུ་ཆེ། འབྲི་རུ་བ་དགུ་འགྲུབ་ནས།༽
འབྲི་རུ་དགུ་འགྲུབ་ནི་རྩོམ་པ་པོ་ཞིག་ཡིན་པ་དང་སྨྱུག་མིང་ལ་གངས་ཁྲོད་ཀྱི་ན་གཞོན་ཟེར་གྱི་ཡོད་འདུག ཁོང་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། རྟག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀློག་རྒྱུར་དགའ་པོ་ཡོད་པ་རེད།
ཁོང་སྔོན་མ་རྒྱ་གར་དུ་ཡོང་ནས་གསོག་སྒར་སློབ་གྲྭར་ཕྱིན་ཡོད་པ་དང་། ༢༠༠༥ ལོར་ཕྱིར་བོད་ལ་ལོགས་སྐབས་རྒྱ་ཡི་བཙོན་འོག་ལ་སྡོད་དགོས་བྱུང་འདུག།