སྤྱི་འཐུས་ཀྱི་བྱང་ཤར་ལས་འགུལ།
2013.01.09
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་གྱི་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། དེ་བཞིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༦ ཉིན་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་འབྱོར་ནས་ཞུ་གཏུག་གི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་དང། དེ་རིང་ཕྱི་ཚེས་༩ བར་ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཨེམ་ཀེ་ནཱ་ར་ཡ་ནན། (Shri M.K Narayanan)མཆོག་དང་ཁོང་གི་ཡིག་ཚང་གི་སྐུ་མགྲོན་ཐུག་འཕྲད་ཁང་དུ་མཇལ་འཕྲད་གནང་བ་དང། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཁོང་གིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་དེ་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་དང་མི་འདྲ་བར་ཧ་ཅང་བརྟན་པོ་ཡིན་སྐོར་སོགས་གསུངས་འདུག བྱང་ཤར་གྱི་ལས་འགུལ་དེའི་སྐབས་ད་དུང་། རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་མོན་ཤི་(Smt Deepa Das Munshi)མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་དང། མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་རི་ཡ་(Pradip Bhattachariya)མཆོག ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་(Shri.Rachhpal Singh)མཆོག དེ་བཞིན་མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ཤ་(Dr.Ramendranath Biswas)ལགས་སོགས་ཀྱི་མཚོན་པའི་གལ་ཆེའི་དཔོན་རིགས་དང་མཇལ་མོལ་གནང་སྐབས་ཚང་མས་བོད་དོན་ཐོག་ཐུགས་ཁུར་ཆེན་པོས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག།