རྒྱལ་ཚོགས་ཀྱིས་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དུས་ཐོག་འདོན་མི་ཐུབ་པའི་སྔོན་བརྡ་བཏང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱིས་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་འདོན་རྒྱུ་དེ་ཁོང་གི་ལས་ཡུན་རྫོགས་ལ་ཉེ་བའི་གོང་དེར་འདོན་མི་ཐུབ་པའི་སྔོན་བརྡ་བཏང་འདུག
དེ་ཡང་དེ་རིང་སྤྱི་ཟླ་༨པའི་ཚེས་༢༥ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནས་ཨི་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་Michelle Bachelet ལགས་ཀྱིས་ད་ལོ་སྤྱི་ཟླ་༦པའི་ནང་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་དེ་རིང་གཟའ་ཕུར་བུའི་ཉིན་ཁོང་གི་ལས་ཡུན་མ་རྫོགས་པའི་གོང་དུ་རིང་ནས་ངང་སྒུག་བྱེད་བཞིན་པའི་རྒྱ་ནག་གི་དབང་འཛིན་འོག་ཏུ་ཡོད་པའི་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་ཁོང་གི་ལས་ཡུན་མ་རྫོགས་པའི་གོང་དུ་འདོན་མིན་གསལ་པོ་བཤད་ཐུབ་ཀྱི་མེད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་Michelle Bachelet ལགས་ཀྱི་ལས་ཡུན་དེ་གཟའ་འཁོར་རྗེས་མ་སྤྱི་ཟླ་༨ཚེས་༣༡ཉིན་རྫོགས་ཀྱི་ཡོད་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་Antonio Guterres མཆོག་གི་ལས་ཁུངས་ཀྱིས་ལས་ཡུན་རྫོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་རྗེས་མ་དེ་སུ་ཞིག་འདེམས་བསྐོ་གནང་རྒྱུ་ཡིན་མིན་གསལ་བཏོན་གནང་མེད་པ་དང་། རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ཞིག་གིས་རྒྱ་ནག་གཞུང་གིས་ཤིང་ཅང་ནང་གི་ཡུ་གུར་བ་དང་གཞན་ཡང་གྲངས་ཉུང་མི་རིགས་རྣམས་ལ་ལས་ཀའི་སྦྱོང་བརྡར་ཁང་ཡིན་ཟེར་བའི་བཀག་ཉར་ཁང་ནང་བཅུག་ནས་ངལ་རྩོལ་སྐུལ་འདེད་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡིན་པ་དང། ཨ་རིའི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཤིང་ཅང་ནང་ཡུ་གུར་གྱི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།