རྩོམ་པ་པོ་གྷི་རལ་ཌི་ལགས་ཀྱིས་རྒྱ་ནག་གི་བཙན་འོག་ཏུ་ཉག་ཕྲ་བའི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཞེས་པའི་སྐོར་དཔེ་དེབ་གསར་རྩོམ་གནང་ཡོད་པ།
ཟླ་འདིའི་ཚེས་ ༡༥ ཉིན་དྲྭ་ཐོག་བརྒྱུད་རྩོམ་པ་པོ་ (Gerald Roche) ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༣ བར་བོད་དུ་བཞུགས་ཡུན་རིང་རང་ཉིད་ཀྱི་ཉམས་མྱོང་གཞིར་བཞག་ཐོག་ནས་ཆབ་སྲིད་ཀྱིས་བཙན་གནོན་འོག་བོད་ཀྱི་སྐད་ཡིག་ཅེས་ (The Politics of language oppression in Tibet) ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་འབྲེལ། དྲྭ་ལམ་ཐོག་མཉམ་ཞུགས་གནང་མཁན་རྣམས་དང་ལྷན་དཔེ་དེབ་དེའི་སྐོར་དྲི་བ་དྲི་ལན་གྱི་ལེ་ཚན་ཞིག་གཙོ་སྐྱོང་ཞུས་སོང་བ་དང་། སྐབས་དེར་རྩོམ་པ་པོ་གྷི་རལ་ཌི་རོ་ཆི་ལགས་ཀྱིས། དཔེ་དེབ་དེ་ནི། བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་འོག་ཏུ་བོད་ནང་གི་རིག་གཞུང་དང། སྐད་ཡིག་གི་གནས་སྟངས་ཇི་ལྟར་ཡོད་མེད་སྐོར་ཞིབ་འཇུག་བྱས་ཡོད་པ་དང། ཁོང་གིས་བོད་ནང་དུ་ཡང་སྐད་ཡིག་མང་དག་ཅིག་ཡོད་པ་དང། སྐད་ཡིག་དེ་ཚོ་སྦྱང་པའི་རྒྱུད་ནས་གནའ་རབས་ཀྱི་བོད་ཀྱི་ལོ་རྒྱུས་དང། རྒྱ་བོད་བར་འབྲེལ་བ་སོགས་ཤེས་པ་ཐོག་ལ་ཕན་ཐོགས་ཆེན་པོ་ཡོད། རྒྱ་ནག་ནང་དུ་སྐད་ཡིག་ཉུང་དུ་གཏང་བའི་ཆེད་དུ་མི་རིགས་གཞན་རྣམས་ནས་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་མ་གཅུག་པ་དེར་བོད་མི་རྣམས་ནས་རང་གི་སྐད་ཡིག་གི་སྲུང་སྐྱོབ་དང་ཐོབ་ཐང་འཐབ་རྩོད་བྱས་པ། རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཆེད་དུ་དམིགས་བསལ་གྱི་འདུས་འཛོམས་ཕ་སྐད་གཙང་མ་ཞེས་པ་ཞིག བོད་སྐད་གཙང་མ་རྒྱག་པའི་ཆེད་དུ་འགོ་བཙུགས་པ་སོགས་སྐད་ཡིག་གཉར་ཚགས་བྱེད་བཞིན་ཡོད་སྐོར་གསུངས་སོང་།
དེ་ཡང་རྩོམ་པ་པོ་གྷི་རལ་ཌི་རོ་ཆེ་ (Gerald Roche) ལགས་ཀྱིས་གསུངས་ན། འཛམ་གླིང་ནང་གི་རྒྱལ་ཁབ་ཕལ་ཆེ་བས་སོ་སོའི་རྒྱལ་ཁབ་ཏུ་སྐད་ཡིག་སྣ་མང་ཡོད་པ་དེ་དག་ཉུང་དུ་བཏང་རྒྱུའི་འདུན་པ་ཡོད་པ་བཞིན། རྒྱལ་ཁབ་དེ་དག་གིས་ཐབས་ལམ་གསུམ་བེད་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད་པ་དེ་དག་ནི། སྐད་ཡིག་བྱེ་བྲག་པ་བེད་སྤྱོད་བྱེད་མཁན་མི་ཆ་ཚང་རྩ་མེད་བཟོས་པ་དང་། ཉིན་རེའི་འཚོ་བའི་ཁྲོད་སྐད་ཡིག་བྱེ་བྲག་པ་ཞིག་བཀོལ་སྤྱོད་བྱ་རྒྱུར་བཀའ་སྡོམ་བྱས་པ། མི་རྒྱུད་ནས་མི་རྒྱུད་བར་ཕ་མེས་ཡང་མེས་ཀྱི་སྐད་ཡིག་བརྒྱུད་སྤེལ་བྱ་རྒྱུར་གམ་དྲག་བྱས་པ་བཅས་ཐབས་ལམ་གསུམ་བརྒྱུད་གྲངས་ཉུང་མི་རོགས་ཀྱི་སྐད་ཡིག་རྩ་གཏོར་གཏོང་བཞིན་ཡོད་པ་གསལ་སྟོན་གནང་སོང་།
(Gerald Roche)ལགས་ནི་La Trobe གཙུག་ལག་སློབ་གཉིར་ཁང་གི་མི་རྒྱུད་དཔྱད་རིག་པ་དང་། ཆབ་སྲིད་སྡེ་ཚན་དང་གསར་འགྱུར་བརྒྱུད་ལམ་སེམས་ཁམས་རིག་པ་བཅས་ཀྱི་སློབ་དཔོན་ཡིན་ཞིང་། འཛམ་གླིང་སྐད་ཡིག་ཐོབ་ཐང་ཚན་པའི་འགན་འཛིན་ལས་རོགས་ཡིན་པ་རེད། ཁོང་གི་ད་བར་ཉམས་ཞིབ་གནང་བ་ཕལ་ཆེ་བ་ནི། གཞུང་དང་དབང་ཆ་སྒེར་གཅོད་པ། ཨེ་ཤེ་ཡའི་མི་རིགས་དང་། ཧི་མ་ལ་ཡའི་ཁུལ་གྱི་བདེ་འཇགས་སོགས་རྒྱུ་རྐྱེན་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དོ་ཕོག་ཇི་ལྟར་སྤྲོད་མིན་དང་འབྲེལ་བའི་སྐོར་ཡིན་ཞིང་། ཉམས་ཞིབ་གནང་བ་དེ་དག་ལ་ཆེས་མཐོའི་གཟེངས་རྟགས་མང་དག་ཅིག་ཐོབ་མྱོང་ཡོད་པ་རེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།