༢༠༢༣ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་ལོ་༢༠༢༣ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་སྤྱི་ལོ་༢༠༢༤ཟླ ༦ཚེས་༢༦ཉིན་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་གཞན་དག་གི་ཆོས་ལུགས་དད་མོས་རང་དབང་ཐོག་སྔར་ལྷག་བཀག་སྡོམ་དང་སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ཐེར་འདོན་གནང་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་གསལ་བ་ལྟར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བཞིན་པ་དེས་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་བཅས་བ་གནས་མིན་གྱི་ཉེན་ཁ་ཡོད་པ་ཐེར་འདོན་གནང་ཡོད་པ་བཞིན། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཟེར་བའི་སྲིད་ཇུས་དེ་ཇི་ལྟར་ལག་ལེན་བསྟར་གྱི་ཡོད་པ་དང་དེའི་ཤུགས་རྐྱེན་གྱི་སྐོར་གླེང་པ་ཡིན།
བགྲོ་གླེང་ཐོག་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་ཆོས་ལུགས་ལ་སྡང་ཟུག་བྱེད་པ་དེ་དུས་ཚོད་རིང་ལ་རྙོག་འཛིང་ཆེ་བ་དང་རྩ་བའི་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱིས་མིའི་སེམས་དབང་བསྒྱུར་བྱེད་ཀྱི་ཡོད་པ་སྔ་ས་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་གཞུང་གིས་ནང་པའི་ཆོས་ལུགས་དེ་རྩ་བ་ནས་བཀག་ཐུབ་ཐབས་མེད་པ་ཞིག་ངོས་ཟིན་རྗེས། ཐབས་ཤེས་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ནས་སྟངས་འཛིན་འོག་གནས་ཐབས་གནང་གི་ཡོད་པ་རེད་ཅེས་གསུངས།
བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་མི་དམངས་ལ་མནར་གཅོད་གཏང་ནས་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་པ་བྱེད་དུ་བཅུག་གི་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་དེ་ཉམས་ལེན་སྐོར་རེད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཟེར་དེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་རེད། གང་ལྟར་བོད་པའི་ཤ་ཁྲག་བོད་རིགས་རང་ཡིན་སྟབས་དེ་ལ་འགྱུར་བ་གཏང་ཐུབ་ཡ་གང་ཡང་ཡོད་མ་རེད་ཅེས་བརྗོད་བྱུང་།
ཡང་བླ་མ་ནོར་བུ་ལགས་བཅས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་མི་དམངས་གཉིས་ངེས་པར་དུ་ལོགས་དགར་དབྱེ་དགོས་པ་རེད། དམར་ཕྱོགས་ཚོགས་པའི་འོག་རྒྱ་ནག་མི་དམངས་ཚོ་སྡུག་པོ་མྱོང་མཁན་དང་པོ་དེ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ལག་པ་གང་དུ་འཆང་བ་དེ་བཙོག་པ་གྱུར་གྱི་ཡོད། ཆོས་བརྒྱུད་ཀྱི་ཐོག་ནས་བོད་མི་དང་རྒྱ་ནག་མི་དམངས་དབར་སེམས་ཐག་ཉེ་པོ་ཡོད་རེད་ཅེས་བརྗོད། ཞིབ་ཕྲ་བགྲོ་གླེང་ཆ་ཚང་དེ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་གྱིས་གཙོ་སྐྱོང་བྱས་པ་གསན་རོགས་གནང་།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།