ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ནས་བོད་ཅེས་པའི་ཚབ་ཏུ་ཤི་ཙང་དང་ཧི་མ་ལ་ཡ་ཞེས་སོ་སོར་མིང་སྒྱུར་བྱས་པར་སྐྱོན་བརྗོད།

ཧྥ་རན་སིའི་རྒྱལ་ས་པེརིསི་ནང་རྟེན་གཞི་བྱས་པའི་ (Branly)འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་ཀྱི་དཀར་ཆགས་ནང་བོད་ཅེས་པའི་མིང་ཚབ་ཏུ་རྒྱ་སྐད་ཀྱི་ཐ་སྙད་ ཤི་ཙང་ཟེར་བ་བེད་སྤྱོད་བྱས་པ་དང་། དེ་བཞིན་(Guimet) འགྲེམས་སྟོན་ཁང་གིས་བོད་དང་འབྲེལ་བའི་དངོས་པོ་དང་པར་གྱི་འགྲེམས་སྟོན་ཡོངས་རྫོགས་ལ་བོད་ཅེས་པའི་མིང་དོར་ནས་ཧི་མ་ལ་ཡ་ཞེས་བཀོད་འདུག་པར། བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་འགྲེམས་སྟོན་ཁང་གཉིས་ཀར་ཡོངས་ཁྱབ་སྐྱོན་བརྗོད་བྱས་ཡོད་པ་རེད། མ་ཟད། ཕ་རན་སི་ནང་གི་བོད་མིའི་སྤྱི་མཐུན་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ལོག་བཤད་བྱས་ཏེ་བོད་ལ་རྒྱ་ནག་གི་བདག་དབང་ཡོད་ཚུལ་གྱི་ལོ་རྒྱུས་འབྲི་ཐབས་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ཀྱི་ལས་རིམ་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་ལས་ཚབ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།