༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་སླད་ཨ་རིར་ཆིབས་བསྒྱུར་མ་གནང་གོང་། ༢༠༢༤ ཟླ་ ༦ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད། དེ་རྗེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཨ་རི་གཞུང་ལ་རྒྱལ་ཁབ་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་པ་སོགས་བརྗོད་ཡོད། གཤམ་ལ་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་ཉམས་ཞིབ་པ་བསྟན་འཛིན་དབང་ཕྱུག་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།