རཤིཡ་ཡིས་རྒྱ་གར་ལ་དམག་གྲུ་རྩིས་སྤྲོད།
2013.11.16
༄༅༎ལོ་མང་སྔོན་ནས་ར་ཤི་ཡས་རྒྱ་གར་ལ་དམག་གྲུ་འཚོང་བསྒྱུར་བྱ་རྒྱུར་མོས་མཐུན་བྱས་ཤིང་། འོན་ཀྱང་ལོ་མང་དུས་འགྱངས་སོང་བའི་རྗེས་དེ་རིང་གཟའ་སྤེན་པའི་ཉིན་ར་ཤི་ཡས་ཌོ་ལར་ཐེར་འབུམ་གཉིས་དང་ས་ཡ་ཉིས་བརྒྱའི་མ་གནས་ཀྱི་དམག་གྲུ་རྒྱ་གར་ལ་རྩིས་སྤྲོད་བྱས་འདུག།
འདི་ནི་མངའ་ཁུལ་ནང་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཀྱི་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་པར་འདྲ་མཉམ་བཟོ་ཐབས་ཆེད་རྒྱ་གར་གྱི་མཚོ་ཁའི་དམག་སྟོབས་ཀྱི་ནུས་པ་འཕེལ་རྒྱས་གཏོང་བའི་ལས་འཆར་གྱི་རྣམ་གྲངས་གྲས་ཤིག་ཡིན་པ་རེད།
ར་ཤི་ཡ་ནི་འཛམ་གླིང་ནང་གི་གོ་མཚོན་ཚོང་བསྒྱུར་ཆེ་ཤོས་བྱ་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་པ་དང་། རྒྱ་གར་ནི་གོ་མཚོན་ཉོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་རེད།
རྒྱ་གར་དང་ར་ཤི་ཡའི་དབར་གྱི་དམིགས་བསལ་མཛའ་མཐུན་གྱི་འབྲེལ་ལམ་དེའི་ཐོག་ནས། རྒྱ་གར་ནི་ར་ཤི་ཡའི་གོ་མཚོན་ཉོ་མཁན་གྱི་ཚོང་བཞག་བཟང་ཤོས་དེ་ཡིན་ན་ཡང་། འདས་པའི་ལོ་ཤས་ནང་རྒྱ་གར་རང་ཉིད་ནས་གོ་མཚོན་བཟོ་བསྐྲུན་གྱི་ལས་གཞི་རྒྱ་ཆེ་རུ་བཏང་བ་མ་ཟད། ར་ཤི་ཡ་མ་ཡིན་པའི་ཡུལ་གྲུ་གཞན་ནས་གོ་མཚོན་ཉོ་སྒྲུབ་ཀྱི་ལས་གཞི་ཆེ་རུ་བཏང་ཡོད་འདུག།
གཟའ་སྤེན་པའི་ཉིན་རྒྱ་གར་ལ་རྩིས་སྤྲོད་བྱས་པའི་དེ་སྔོན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཟོས་པའི་དམག་གྲུ་དེས་མཁའ་དམག་གནམ་གྲུ་ ༣༠ ཙམ་འོར་འདྲེན་ཐུབ་རྒྱུ་དང་། མཚོ་དམག་དམག་མི་དང་གྲུ་རྫིང་ལས་བྱེད་པ་སྡོམ་མི་ཉི་སྟོང་ཙམ་གནས་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་འདུག།