ཨའོསི་ཊརེ་ལི་ཡའི་ (Australia) སྦུལུ་མའོན་ཊེན་ (Blue Mountain) མངའ་ཁུལ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཞུས་པ།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ ནས་ཉིན་གཉིས་རིང་ཨའོསི་ཊརེ་ལི་ཡའི་ (Australia) སྦུལུ་མའོན་ཊེན་ (Blue Mountain) མངའ་ཁུལ་དུ། ཨོསི་ཊརེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་མི་གཞོན་སྐྱེས་བཅུ་ཕྲག་འགའ་ཤས་འདུ་བསྐོང་གནང་སྟེ་བོད་དོན་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཚོགས་ཡོད་པ་དང་བསྟུན། ཨོསི་ཊརེ་ལི་ཡའི་ སྦུལུ་མའོན་ཊེན་ (Blue Mountain City Council) གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ཀྱིས་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཉིན་གསུམ་རིང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཞུས་འདུག དཀོན་མཆོག་རྒྱལ་མཚན་ལགས་ནི་ས་གནས་དེའི་བོད་མི་གནས་སྡོད་གནང་མཁན་ཁྲོད་ནས་ཨའོསི་ཊརེ་ལི་ཡའི་མི་སེར་གྱི་གནས་བབ་ཐོབ་མཁན་བོད་མི་དང་པོ་དེ་ཡིན་པར་ཡིད་ཆེས་གནང་གི་འདུག་ལ། ཁོང་མི་སེར་ཆགས་པའི་སྐབས་ཁོང་གིས་འབད་བརྩོན་ཤུཊ་ཆེ་བྱས་རྐྱེན་གཞུང་གིས་པར་སྐྲུན་བྱས་པའི་མི་སེར་གྱི་ཐོ་གཞུང་ཡིག་ཆ་ནང་ཁོང་གི་སོ་སོའི་རྒྱལ་ཁབ་ཀྱི་ཡོང་ཁུངས་བོད་ཅེས་འགོད་ཐུབ་པ་བྱུང་ཡོད་པ་རེད། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུང་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱངས་རྗེས། ས་གནས་དེའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་དོན་ཐོག་གོ་རྟོགས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་བྱུང་། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ལས་འགུལ་འགན་འཛིན་དཀོན་མཆོག་རྒྱལ་མཚན་དང་ལྷན་ཡུལ་ལུང་དེར་བོད་དོན་ཐོག་ལ་གོ་རྟོགས་དང་གནས་བབ་འགྱུར་འགྲོས་གང་འདྲ་ཡོད་མེད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།