བོད་ཀྱི་རྩ་དོན་ཁྱབ་སྤེལ་གནང་མཁན་འོད་ཟེར་ལགས།
2014.02.14
བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ནི་རྒྱ་ནག་དང་འཛམ་གླིང་ཐོག་བོད་ཀྱི་རྩ་དོན་ཁྱབ་སྤེལ་གནང་མཁན་ཞིག་ཡིན་པ་གནས་ཚུལ་སྤེལ་འདུག
དེ་ཡང་BBCགསར་ལས་ཁང་གི་གསར་འགོད་པ་མེ་ཐེའུ་བྭེལ་Methew Bellགྱིས་འོད་ཟེར་ལགས་སུ་བཅར་འདྲི་བྱས་བ་དང་མཉམ། བོད་ཀྱི་བུད་མེད་སྙན་ངག་པ་དང་། རྩོམ་པ་པོ། དྲ་རྒྱའི་ཟིན་བྲིས་པ་ཡོངས་གྲགས་ཅན་ཁོ་མོ་ནི་རྒྱ་ནག་དང་འཛམ་གླིང་ཐོག་བོད་ཀྱི་རྩ་དོན་ཁྱབ་སྤེལ་གནང་མཁན་ཞིག་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་མ་ཇི་ཡིན་ཁྱབ་སྤེལ་གནང་མཁན་གྱི་མགྲིན་ཚབ་པ་ལྟ་བུ་ཞིག་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད། ད་དུང་ཟླ་བ་འདིའི་འགོ་སྟོད་དུ་བོད་ནང་རང་ལོ་༢༩ལ་སླེབས་པའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དེ་འོད་ཟེར་ལགས་ཀྱིས་སྤེལ་གནང་ཡོད་ལུགས་འགྲེལ་བརྗོད་གནང་འདུག
འོད་ཟེར་ལགས་བོད་ནང་འཚར་ལོངས་བྱུང་ཡང་ད་ཆ་ཁོང་རང་གི་སྐུ་ཟླ་རྒྱ་རིགས་ཝང་ལེ་ཞོན་དང་མཉམ་པེ་ཅིན་དུ་གཏན་སྡོད་བྱེད་ཀྱི་ཡོད་པ་རེད། སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་གསར་འགོད་པ་མེ་ཐེའུ་བྭེལ་དང་། འོད་ཟེར་ལགས་གཉིས་ཐུག་འཕྲད་སྐབས་འོད་ཟེར་ལགས་བོད་ཀྱི་རྒྱལ་ས་ལྷ་སར་ཟླ་བ་གསུམ་རིང་བསྐྱོད་ནས་ཕྱིར་ལོག་གནང་ཙམ་ཡིན་པར། ཁོང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཧ་ལས་ཡོད་པ་དང་། ཕྱི་ལོ་༢༠༠༩ནས་བཟུང་ད་བར་བོད་ནང་བོད་མི་བརྒྱ་དང་ཉི་ཤུ་ལྷག་གིས་རང་ལུས་མེར་བསྲེགས་དགོས་དོན་ནི་རྒྱ་ནག་གི་གདུག་རྩུབ་དྲག་གནོན་གྱི་སྲིད་བྱུས་ལ་རག་ལུས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་ལུང་འདྲེན་བྱས་འདུག འོད་ཟེར་ལགས་ཀྱིས་བརྗོད་དོན། ང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚོའི་རང་ལུས་མེར་སྲེག་གི་བྱ་སྤྱོད་དེ་བཟོད་ཐབས་བྲལ་བའི་ཆབ་སྲིད་ཀྱིས་ངོ་རྒོལ་ཞིག་རེད་ཟེར། ཨ་རིའི་བོད་རིག་པའི་ཞིབ་འཇུག་པ་ཡོངས་གྲགས་ཅན་ཨི་ལེ་ཡརྚི་ སེཔར་ལིང་Elloit Sperlingགིས་འོད་ཟེར་གྱིས་རྒྱ་ཡིག་ཐོག་རྩོམ་བྲིས་ཁྱབ་སྤེལ་གནང་ཐུབ་ཀྱི་ཡོད་པ་མ་ཟད། ཁོང་གི་རྩོམ་ཡིག་དེ་དག་གིས་བོད་མིའི་མངོན་འདོད་མཚོན་ཐུབ་ཀྱི་ཡོད་རེད། ཕྱི་རྒྱལ་ལ་རྣམ་སྤྱོད་ལྡན་པའི་བོད་མི་ཡོད་ཀྱང་དེ་དག་མང་ཆེ་བས་རྩོམ་བྲིས་དབྱིན་ཡིག་ཐོག་གནང་གི་ཡོད་པ་རེད། དེར་བརྟེན་འོད་ཟེར་ལགས་རྒྱ་ནག་ནང་བོད་མིའི་མངོན་འདོད་མཚོན་ཐུབ་ཀྱི་ཡོད་རེད་ཅེས་གསུངས་གནང་འདུག
འོད་ཟེར་ལགས་བོད་ཀྱི་རྩ་དོན་དང་བོད་མིའི་རང་དབང་ཐད་ཡོངས་གྲགས་ཆགས་ཡོད་པ་མ་ཟད་གཟེངས་རྟགས་ཀྱང་མང་དག་ཞིག་ཐོབ་ཡོད་རེད། དཔེར་ན་སྔ་ལོར་ཨ་རིའི་ནང་རྒྱལ་སྤྱིའི་བུད་མེད་ཀྱི་གཟེངས་རྟགས་བཞེས་མཁན་གྲས་ཡིན་པ་དང་། སྐབས་དེར་ཁོང་མཉམ་ཞུགས་གནང་ཐུབ་མེད་ན་ཡང་མཛད་སྒོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ